R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣
[A:༡༣] རང་ལ་གནོད་པའི་ཀླུ་གདུག་པ་ཅན་ཞིག་འདུལ་བ་སོགས་མཛད། སྐབས་ཤིག་ཏུ་འབྲི་མཚམས་ཀྱི་གམ་པ་རྫོང་ཞེས་བྱ་བར་ཕྱག་ན་རྡོ་རྗེའི་བསྙེན་པ་མཛད་པ་ན། མར་མེ་སྣུམ་མེད་ཀྱང་ཡུན་རིང་དུ་འབར་བ་དང༌། རེས་འགའ་ཐུན་མཚམས་ཀྱི་ཞལ་འཕྲོས་མཛད་པ་ན་མར་མེ་མནལ་འགྲོ་ཞིང༌། ཐུགས་དམ་ལ་བཞུགས་པ་ན་སྒྲོན་མཁན་མེད་པར་གསལ་གྱིས་འབར་བ་དང༌། དྲི་བཟང་པོས་ནང་ཁེངས་པ་སོགས་བྱུང་ཞིང༌། ཁྱད་པར་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་དམིགས་པའི་རྣམ་པ་ཅན་བཅོས་མིན་དུ་འཁྲུངས། ཀླུ་འབུམ་གཉའ་ཁྲིའི་གདན་རྣམས་ཤིན་ཏུ་གསལ་བར་གཟིགས། མནལ་ལམ་དུ་ཁྱོད་ཁྱུང་འདི་ལ་ཞོན་ནས་རི་རབ་ལ་སྐོར་བ་གསུམ་བྱས་པའི་མཐར་ལྕང་ལོ་ཅན་དུ་འགྲོའོ་ཞེས་པའི་ལུང་བསྟན་གསལ་བར་ཐོབ། དུས་དེ་ནས་བཟུང་སྟེ་ལྷག་པའི་ལྷར་བཟུང་སྟེ་བསྙེན་སྒྲུབ་ཁོ་ནས་དུས་འདའ་བར་མཛད། སྡེ་སྲིད་སེང་གེ་རྩེ་པའི་ནང་བློན་ཐོགས་ཤིག་མཛད་དེ། ལུགས་གཉིས་ཀྱི་ཟིར་ལོང་ཉིན་མཚན་མི་ཕྱེད་པ་ལྟ་བུ་དང༌། བདེ་གཟར་དུ་མས་གཡེང་བ་དཔག་ཏུ་མེད་པའི་སྐབས་སུ་ཡང༌། ཐུགས་དམ་གྱི་རིམ་པ་རྣམས་དང་ནང་གཏོར་བསྐང་གསོ་དང་བཅས་པ་གཅིག་ཀྱང་འཆག་མ་མྱོང༌། སྐབས་ཤིག་ཏུ་ཆེས་བསྙུང་བ་ཡུན་རིང་པོ་ཞིག་བྱུང་བ་ན། རང་གི་ཁུ་བོ་ཆོས་ཀྱི་རྗེ་ལས། སྒྲོལ་མ་སྔོ་ལྗང་གི་རྗེས་གནང་གསན་པའི་དུས། རྗེ་བཙུན་མ་མ་རྒད་དྭངས་པའི་མདོག་ཅན་རི་བོ་ཙམ་ཞིག་དངོས་སུ་གཟིགས། སྐུ་ཉམས་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་མྱུར་དུ་བསྙུང་བ་ལས་གྲོལ། གཞན་ཡང་དཔལ་ཀྱེ་རྡོ་རྗེའི་དབང༌།