R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤
[A:༡༤] བཀའ་གདམས་ལྷ་བཞིའི་ཁྲིད་ལ་སོགས་པ་སྔ་ཕྱིར་ཆོས་དུ་མ་ཡང་གསན། དེ་ནས་བོ་དོང་ཨེར་བྱོན་ཏེ། ལུགས་གཉིས་ནས་ཕྱོགས་དེ་བདེ་སྐྱིད་དང་ལྡན་པ་མཛད། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པའི་ཞལ་སྔ་ནས་ཇོ་ནང་གི་གདན་སར་བཞུགས་པ་སྤྱན་དྲངས་ཏེ། ཟབ་དགུའི་གདམས་པ་དུ་མ་སྔ་ཕྱིར་གསན། བདག་ཉིད་འཁོར་འབངས་ལོངས་སྤྱོད་དང་བཅས་པ་བྲན་དུ་ཕུལ་ནས། ཅི་མཛད་ལེགས་པ་དང༌། ཅི་གསུང་ཚད་མར་འཛིན་པའི་མོས་གུས་ཀྱིས། མི་མཉེས་པ་སྐད་ཅིག་ཀྱང་མེད་པར་མཆོད་ཅིང༌། བསྙེན་བཀུར་བ་དང་བསྟི་སྟང་དུ་མཛད་པས་ཐུགས་ཡིད་གཅིག་ཏུ་འདྲེས། ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་འཕོ་བ་ཐོབ། རྗེ་བཙུན་ཆེན་པོ་གྲགས་པའི་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ་དྲན་པ་ཙམ་གྱིས་དགེ་ལེགས་སྩོལ་ནུས་པ་འདི་ཉིད་གཙུག་ལག་ཁང་མཆོད་སྤྲིན་དང་བཅས་པ་བཞེང་བ་སོགས་རྣམ་དཀར་གྱི་བྱ་བ་དུ་མ་མཛད། བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཞིང་གཞན་དུ་འབྱོན་པར་བཞེད་པའི་ཚེ། བརྒྱུད་པ་འཁོར་བཅས་དཀར་ནག་གི་འབྲེལ་པ་དང་བཅས་པ་སྲིད་པ་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་འདུག་པས། བདག་ཅག་བརྒྱུད་པ་རྣམས་ལ་འདི་གཅིག་པུའི་སྐུ་དྲིན་ཡང་བསམ་པའི་ར་བ་ལས་འདས་གདའ། གཞན་ཡང༌། རྒྱལ་དབང་རྡོ་རྗེ་འཆང་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དང༌། གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་སངས་རྒྱས་སེང་གེའི་ཞབས་སྤྱན་དྲངས་ནས། སྙིང་པོར་གྱུར་པའི་གདམས་པ་མང་དུ་གསན། འཇིག་རྟེན་གྱི་མཛད་པ་མཐའ་དག་ཐུ་བོར་གྱུར་