R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༣
[A:༡༤༣]ཞུས་པས་ད་ལམ་འཇིགས་བྱེད་འདི་བྱེད་གསུང་བ་ལྟར་འོ་ཡུག་སྡིངས་མར་སྤྱན་དྲངས། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པའི་དབང་ལུང་མན་ངག་བཤད་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། ཁྱད་པར་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཉམས་ཁྲིད་དུ་སྩལ་བས་བསྐྱེད་རྫོགས་ཟབ་མོའི་ལམ་གྱི་གནད་གསང་ཐམས་ཅད་ཁོང་དུ་ཆུད། རྡོ་རྗེ་ཐེག་པའི་གནས་ཐམས་ཅད་ལ་ཀློང་དུ་གྱུར་པ་ཞིག་བྱུང་སྟེ། དྲན་པས་གདུང་སེལ་ཁྱབ་བདག་མ་ཧེའི་ཞལ། །ངུར་སྨྲིག་ཟོལ་གྱིས་རོལ་པའི་ཕ་རྒོད་དེས། །འཁྲུལ་མེད་གནད་ཀྱི་ལམ་གསང་འདི་བསྟན་ཚེ། །མཐའ་ཡས་ཆོས་ཀྱི་རང་ཞལ་རྗེན་པར་མཐོང༌། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ལུང་མན་ངག་ཐམས་ཅད་རྫོགས་པར་གནང༌། སླར་ཕྱགས་ཕྱི་བྱས་ཟབ་བུར་ཕྱིན། དེར་ཞག་ལྔ་བཞུགས་ནས་ཐུགས་སྒྲུབ་ཀྱི་དབང་བསྡུས་པ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་དབང་ལུང་ཁ་ཅིག་ཀྱང་གནང༌། སླར་མྱུར་དུ་ཞག་ལྔ་ཙམ་བཞུགས་ཏེ་སྟོད་ལ་བྱོན། དེ་ནས་རིང་པོ་མ་ལོན་པ་ན་མངའ་རིས་ཆོས་ཀྱི་རྒྱལ་པོ་སྤྲུལ་སྐུ་ཆེན་པོ་ཆུ་བོ་རི་ནས་གཙང་དུ་ཕེབས་འདུག་པ་སྤྱན་དྲངས། ཟླ་བ་ལྔ་ཙམ་གྱི་བར་བསྙེན་བཀུར་ཏེ། རྗེ་ཉིད་ཀྱི་གཏེར་ཆོས་ཕལ་ཆེ་བ་དང་ཚེ་བརྟན་རྒྱལ་མཚན་དང་རཏྣ་གླིང་པའི་བླ་མ་ཞི་དྲག །པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ་རྣམས་སྒྲུབ་ཆེན་དང་འབྲེལ་བའི་དབང་ལུང༌། མ་ཎི་བཀའ་འབུམ་སྐྱེ་བདུན་སྒྲུབ་ཆེན་དང་འབྲེལ་བའི་དབང་ལུང༌། ཁྱད་པར་