R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༤
[A:༡༤༤]བྱང་གཏེར་གྱི་སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པའི་སྒྲུབ་དབང་ཐུན་མོང་མ་ཡིན་པ་སོགས་གདམས་པ་དུ་མ་ཞིག་ཐོབ། འབུལ་བའི་དངོས་པོའང་ཅི་འབྱོར་པ་ཞིག་ཕུལ་ཏེ་ཕྱིར་བྱོན། སྐབས་ཤིག་སྡིངས་མ་དགོན་པར་དགེ་འདུན་ཁ་ཅིག་ལ་ནི་གུ་ཆོས་དྲུག་དགོས་གསུངས་པ་ནས་བཤད་པའི་ཟླ་ལ་ཡོན་བདག་ཁམས་པ་རྒན་པོ་ཁ་ཅིག་ཀྱང་ཞུགས། སྒྱུ་ལུས་ཀྱི་དམིགས་པའི་སྒང་ལ་མྱུག་ཏུ་མི་ཡོང་ཁ་མེད་ཅིག་བྱུང་ནས་ཁྲིད་པ་རྣམས་ལ་ངེད་མ་སླེབ་བར་དམིགས་པ་རྣམས་ཆིག་འགྲིལ་དུ་སྒོམས་ཤིག་ཅེས་སྨྲས་ནས། མྱུག་ཏུ་སླེབས་པའི་ཞག་གཉིས་གསུམ་ནས་ག་རེ་དེ་ཚོ་སྒོམ་གྱི་ཡོད་དམ་མེད། ཡོད་ན་འཕྲོ་ལ་གཞག་ན་འཕངས། མི་སྒོམ་ན་ངལ་བ་ལས་མི་འདུག་པས་ཕར་མི་འགྲོ་དགོས་སྙམ། ནུབ་ཅིག་རྨི་ལམ་བཟུང་ནས་ལྟར་ཕྱིན་པས། ཁྲིད་པ་དེ་དག་གི་ཀུན་སྤྱོད། ཟ་འགྲོགས་ཉལ་ལུགས་ཚུན་གསལ་བར་མཐོང༌། སྐལ་དམན་གཉིས་གསུམ་ཞིག་མ་གཏོགས་ཁྲིད་པ་བྱིངས་དང་ཁྱད་པར་ཁམས་པ་རྒད་པོ་དེ་རྣམས་སྡུག་རུས་བྱས་སྒོམ་ཞིང་འདུག་ནས་ཞག་ལྔ་ལས་མ་འགོར་བ་ཕྱིན། མིང་གསལ་ནི་མ་བྱས་གནས་ཚུལ་རྣམས་བཤད་ནས་ཆེད་དུ་སྒོམ་དགོས་ཚུལ་བྱས་བོགས་ཐོན་པ་ཅུང་ཟད་ཀྱང་བྱུང་གདའ། དེ་ནས་ཡུན་མི་རིང་བ་ཞིག་ནས། དུས་ཀྱིས་ཟིངས་ལོག་ཁམ་པོ་ཆེ་ཞིག་ལངས། བདག་གི་ཕུ་བོ་ལུགས་གཉིས་ནས་འགྲན་ཟླ་ཐམས་ཅད་དང་བྲལ་ཞིང༌། འགྲན་པར་འདོད་པ་རྣམས་ཀྱི་གཟི་བརྗིད་འཕྲོག་པ་ལ་དཔའ་བ་