R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥
[A:༡༥]པའི་སྲས་གཉིས་ལ་གཏད་དེ། རང་ཉིད་སྐུ་མཚམས་ལོ་རེ་བཞིན་ཡང་ཟླ་བ་ལྔ་ཙམ་མ་ཆད་པ་དང༌། དུས་རྒྱུན་དུའང་ཉི་མ་སྔ་ཕྱེད་ཡན་ཐུགས་དམ་ཁོ་ན་ལ་མཉམ་པར་འཇོག །བཞུགས་གྲལ་དང༌། ཞབས་འཆག་སོགས་མཛད་པའི་ཚེ་ཨ་ཅང༌། ཐ་ན་གསོལ་ཇ་བཞེས་པའི་བར་ལའང་ཕྱག་ཕྲེང་ཉེད་ཅིང་གསང་སྔགས་ཀྱི་བཟླས་བརྗོད་ཁོ་ན་ཤིབ་བུར་མཛད་པས། ལྷག་པའི་ལྷའི་བཟླས་བརྗོད་དུང་ཕྱུར་གསུམ་ལྷག་པ་སོང་གདའ་ཞིང༌། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ། བཤགས་པ། མདོས། ཚོགས་ཀྱི་འཁོར་ལོ་སོགས་ཀྱང་སྔགས་པ་གཞན་གྱི་སྔགས་ཀྱི་གྲངས་ལས་མང་བ་ཙམ་སོང་གདའ་ནའང༌། རློམ་སེམས་དང་ཡུས་ཡེ་མི་མཛད་མོད། གྲུབ་པའི་མཚན་མ་སྒྲིབ་མ་ནུས་པར་མངོན་དུ་མཐོང་བ་ནི། གམ་པ་རྫོང་དུ་བཞུགས་པའི་དུས་ཤིག་ནམ་མཁའ་ལ་ཐོག་རིས་བཅས་ཏེ་ཐོག་འབབ་པར་རྩོམ་པ་ན་སྡིགས་མཛུབ་ཀྱི་རྩེ་ལ་བསླངས་ཏེ་ཕྱོགས་གཞན་རིང་པོ་ཞིག་ཏུ་འཕངས་པས། ས་དེར་ཐོག་འཕོས་ནས་རྫོང་འཁོར་བཅས་ལ་གནོད་པ་མ་བྱུང་བ་དེ་དུས་ཀྱི་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བ་དང༌། བོ་དོང་རྫོང་བཏབ་པའི་དུས་འཚུབ་ཤེད་ཡིན་ནམ། དུས་དེ་ནས་གནས་གསར་བ་གོང་འཕེལ་ལ་སོང་གདའ་བས་དགེ་མཚན་ཡིན་ནི་མ་ཤེས། གནམ་ལྕགས་ཀྱི་ཐོག་ཆེན་པོ་ཞིག་སྐུ་གཞོགས་རང་དུ་བབས་པ་ན། ཐག་རིང་པོ་ན་ཡོད་པའི་འུ་ལག་པ་ཁ་ཅིག་ཤི །གླ་བ་མགོ་བྱ་བ་སྐུ་དྲུང་ན་ཡོད་པ་དྲན་མེད་དུ་བརྒྱལ་བ་སོགས་ཕལ་ཆེར་རོད་རོད་པོར་གྱུར་ཀྱང༌། སྐུ་ཉིད་ལྟ་སྟངས་ལས་མ་གཡོས་པར་ཞལ་འཛུམ་ཡེ་རེ་བཞུགས།