R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༩
[A:༡༥༩]ཚེ། ཁ་བ་ཤིན་ཏུ་ཆེ་བས་རི་ལུང་ཐམས་ཅད་དུང་གི་མཎྜལ་ལྟར་དཀར་སིང་གེས་བྱས་པ་ཞིག་བྱུང་བ། མཚན་ལྡན་རྡོ་རྗེ་འཛིན་པའི་སྐུ་དྲིན་གྱིས། །སྐལ་ལྡན་ཁོ་བོ་སྨིན་པར་བྱས་པའི་ཚེ། །དཔལ་ལྡན་དུས་འཁོར་བསྟན་པ་བོད་ཡུལ་འདིར། །རྫོགས་ལྡན་དུས་དང་མཚུངས་པར་བྱེད་དོ་ཞེས། །བགྲང་ཡས་བསྟན་ལ་དགའ་བའི་ལྷ་རྣམས་ཀྱིས། །དཔག་ཡས་འཛིན་མ་དཀར་འཇམ་གོས་ཀྱིས་གཡོགས། །བསམ་ཡས་དགེ་བའི་མཚན་མ་གཞན་ཡང་མཐོང༌། །མཐའ་ཡས་ལེགས་ཚོགས་རྟེན་འབྲེལ་ལྷུན་གྱིས་གྲུབ། །དེ་ནས་སླར་ཆོས་ལུང་དུ་རྒྱལ་ཡུམ་དབང་མོ་དེ་མཇལ་དུ་ཕྱིན་དུས་ཀྱང་སྔར་ཁོ་ན་བཞིན་ཐུགས་མཉེས་མཉེས་མང་པོ་མཛད། ཆོས་དུ་མ་ཞིག་གི་གསོལ་བ་བཏབ་པས་ཁྱེད་འབྱོན་པའི་དུས་མ་བྱུང༌། ང་ལོ་བརྒྱད་ཅུ་རྩ་བཞི་ལོན། དཔེ་སྒྲོག་ཏུ་མིག་མི་གསལ། འཕར་ལུང་བྱེད་དུ་རྣ་བས་མི་ཐོས། ཆོས་ཇི་ལྟར་བྱས་འཆད་དུ་འདུག་པས་རྒྱ་ཆེར་འབུལ་མི་ཐུབ་དོ་ནུབ་འདིར་བཞུགས། ཁྱོད་ཞྭ་ལུའི་མཁན་པོ་བྱེད་རྒྱུར་འདུག །དེའི་ཚེ་ཞ་ལུ་བའི་ཆོས་བདག་མ་འདི་མི་དགོས་ཀ་མེད་ཡིན། ངེད་ཀྱི་ཆོས་བདག་མ་འདི་དགའ་གཅིག་བདོག །ངས་སང་འདིའི་རྗེས་གནང་བྱེད་གསུངས། བདག་ལ་ཞ་ལུའི་མཁན་པོ་བྱུང་དོགས་མེད། བྱུང་ཀྱང་ཟིན་དོགས་མེད་དེ་རྗེས་གནང་ནི་སྐུ་དྲིན་བསྐྱངས་ཞུས་པས། མཁན་པོ་བྱེད་རྒྱུ་ཡིན་པར་འདུག་མི་ཟིན་མ་ཟེར། ད་ལམ་དུས་འཁོར་གྱི་བདག་པོ་ཆེན་པོའི་དབང་ཞིག་ཀྱང་ཅིས་ཀྱང་ཞུ་ཐུབ་པ་མཛོད་གསུངས།