R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༠
[A:༡༦༠] སང་དེ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཤིན་ཏུ་རྒྱས་པ་ཞིག་མཛད། དོ་ནུབ་ནས་བཟླས་པ་རེ་དང་གཏོར་བསྔོས་ཀྱང་མ་ཆག་པར་མཛོད་གསུངས། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་ཞིག་གནང་རྗེས་ཆོས་རྗེ་ཀ་བཞི་པའི་ཐུགས་དམ་གྱི་དཀྱིལ་ཐང་ཞིག་ཀྱང་གནང༌། རིན་པོ་ཆེས་བརྒྱད་ཅུ་གྱ་བཞི་བཞུགས་པས་ཁྱོད་ཚེ་རིང་བའི་རྟེན་འབྲེལ་མཛོད་གསུངས། གཞན་ཡང་ངོ་མཚར་བའི་ལྟད་མོ་དང་ཞལ་འཕྲོས་མང་པོ་ཞིག་གསུང་གི་འདུག་སྟེ། མཁའ་འགྲོའི་དབང་མོས་དངོས་སུ་རྗེས་སུ་བཟུང༌། །མཁའ་འགྲོའི་གསང་ཚིག་ངོ་མཚར་མང་དུ་ཐོས། །མཁའ་འགྲོའི་བུ་ཁྱོད་སྐལ་བ་རབ་ཡིན་ཞེས། །མཁའ་འགྲོའི་གཙོ་དེས་གསལ་བར་ལུང་བསྟན་མཛད། །བླ་མ་འདི་དཔྱལ་ཀུན་མཁྱེན་ཆེན་པོའི་སྐུ་སྐྱེ་གཉིས་པ། གསང་རྙིང་མཐའ་དག་ལ་མཁས་པའི་ཚད། ལོ་སུམ་ཅུ་བུག་སྒོ་ལ་བཞུགས་ནས་ཐུགས་དམ་མཛད། འཕྲལ་བགྲེས་མོ་དེ་ཙམ་དུ་སོང་ནས་ཀྱང་ཆོས་གོས་རྣམ་གསུམ་དང་མི་འབྲལ། ཕྱི་དྲོའི་ཁ་ཟས་འཇམ་ཙམ་ཡང་མི་བཞེས། དང་པོ་སྐུ་གཞོན་པའི་དུས་ནི་ཉིན་རེ་ལ་ཚར་རེ། ད་ལྟ་ཞག་གཉིས་ཀྱི་ཁོངས་སུ་བརྒྱད་སྟོང་པ་ཚར་རེ་ཞལ་འདོན་མཛད་པ་ཞིག་ཡིན། ཕྱག་གི་མཛུབ་མོ་གཉིས་ལ་ཨོཾ་གསུམ་མའི་སྔགས་འཕྲེང་ནཱ་ག་རོའི་ཡི་གེར་གསལ་པོ་བྱས་པ་ཞིག་གདའོ། །དེ་ནས་དབོན་ཤྲཱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱལ་བ་བཟང་པོའི་གདུང་བརྒྱུད་རྣམ་པར་དག་པ་ལྕགས་སྟོད་ནང་སོ་ནམ་མཁའི་དྲུང་གིས་ཤོག་གསུང་བ་ལྟར་ལྕགས་སྟོད་དུ་ཕྱིན་དགོངས་