R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༡
[A:༡༦༡]བཞེད་དང་བསྟུན་པའི་བཀའ་དབང་འབུལ་གྱིན་གནས་པའི་དུས། རིན་སྤུངས་ནས་གནམ་སའི་དབང་ཕྱུག་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེས་བཀའ་ཤོག་ཕོ་ཉ་དང་བཅས་པ་ཕེབས་པ་ལྟར་མྱུར་དུ་ཕྱིན་ཏེ། རྒྱལ་པོའི་ཕོ་བྲང་དེ་ན། བོད་ཡུལ་གྱི་དྲེགས་ལྡན་ཐམས་ཅད་ཀྱི་ཅོད་པན་བརྟུལ་ཞུགས་སྤྱོད་པའི་རྡོ་རྗེ་བཅུ་གཅིག་པ་གློ་ཆེན་ཐམས་ཅད་མཁྱེན་པའི་དྲུང་གདན་ཆགས་འདུག་པ་བཞིན། ཆེད་དུ་འབོད་པར་གནང་བར་འདུག །བདག་རང་ལ་སྒོས་ཆོས་སུ་དཔལ་འཁོར་ལོ་སྡོམ་པ་ནག་པོའི་ལུགས་ཀྱི་དབང་བཞི་སྔོན་དུ་འགྲོ་བ་རིམ་བཞིའི་ཉམས་ཁྲིད་ཆ་ལག་དང་བཅས་པ་ཞིག་གནང༌། སྡེ་པ་རིན་པོ་ཆེའི་ཕྱགས་ཕྱིར་ཚེ་ཁྲིད་རྒྱས་པ་དང༌། དོ་ཧའི་བཤད་པ་ཤིན་ཏུ་ཞིབ་པ། གཞན་ཡང་མགོན་པོ་ཆེ་ཆུང༌། དམར་པོ་སྐོར་གསུམ། རྒྱུད་སྡེ་ལྔའི་དབང་རྒྱས་པ་སྨིན་བྱེད་དུ་བཏང་བའི་ཤངས་ཆོས་ཀྱི་གསེར་ཆོས་རྣམ་པ་ལྔའི་དབང་ལུང་ཁྲིད་སོགས་ཆོས་ཀྱི་སྒོ་དུ་མའི་སྐུ་དྲིན་ཐོབ། གྲུབ་དབང་སྤྱོད་པའི་རྡོ་རྗེ་བཅུ་གཅིག་པས། །གྲུབ་བརྙེས་ནག་པོའི་བཞེད་གཞུང་གསལ་བར་བསྟན། །གྲུབ་གཉིས་མངོན་དུ་བྱེད་ལ་གེགས་མེད་ཅེས། །གྲུབ་པ་མཆོག་དེས་གཟེངས་བསྟོད་དབུགས་དབྱུང་མཛད། །རྗེ་བླ་མ་ཆོས་ཀྱི་འབྱུང་གནས་ཆོས་རྫོང་པའི་ཞབས་ལས་ཀྱང་བླ་མ་དགོངས་པ་འདུས་པའི་དོན་དབང་བསྡུས་པ་སྔོན་དུ་འགྲོ་བའི་ཆོས་སྐོར་པོ་ཏི་བརྒྱད་ཀྱི་ལུང་སོགས་ཆོས་དུ་མ་ཞིག་ཐོབ། སྔ་འགྱུར་བསྟན་པའི་བདག་པོ་འུག་པ་ལུང་ནས་ཆོས་ཀྱི་རྗེ་ཟུར་ཧཾ་རྒྱལ་བའི་སྲས་པོ་ཡབ་སྲས་ཀྱིས་ཞུས་པའི་ངོར། དཔལ་