R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༢
[A:༡༦༢]སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྩ་དབང༌། སྒྲུབ་དབང་ཐུན་མོང་དང་ཐུན་མོང་མ་ཡིན་པ། སྒྲུབ་ཕྲན་གྱི་དབང༌། རྗེས་གནང༌། ཡི་གེ་ཕྲ་མོ་ཚུན་རྫོགས་པ་དང༌། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་དང༌། གསང་བ་ཡོངས་རྫོགས་ཀྱི་དབང་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པ་དང༌། རང་བྱུང་རང་ཤར་ཆེན་པོའི་དབང་མྱོང་ཁྲིད། ལུང༌། རྡོ་རྗེ་སློབ་དཔོན་གྱི་གཏད་རྒྱའི་བར་ཡོངས་སུ་རྫོགས་པ། གུ་རུ་ཚེ་བརྟན་རྒྱལ་མཚན་ནས་བརྒྱུད་པའི་བླ་མ་ཞི་དྲག །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སོགས་སོ་སོའི་བཞེད་པ་དང་མཐུན་པའི་དབང༌། རྗེས་གནང༌། ལུང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བགྱིས། ཁམས་པ་རིན་ཅེན་བྱང་ཆུབ་སོགས་ཁ་ཅིག་ལ་ཤངས་ཆོས་ཡོངས་སུ་རྫོགས་པ་ཞིག་ཀྱང་བཤད། ལོ་དེའི་ཟླ་བ་བཞི་པ་ནས་བཟུང༌། བསྟན་པའི་སྦྱིན་བདག་གནས་གསར་བས་བླ་མ་རྡོ་རྗེ་འཆང་དེའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་སུ་ལམ་འབྲས་ལྷ་ཁང་ཁྱད་པར་འཕགས་པ་འདི་བཞེངས་པའི་དབུ་ཚུགས་པ་ལྟར། དེའི་སྲུང་འཁོར་དང་གཟུངས་ཀྱི་དོ་དམ་གནོད་སྦྱིན་འཁོར་ལོ་སྒྲུབ་པ། ལོགས་བྲིས་ཀྱི་དཀྱིལ་འཁོར་རྣམས་ལ་ཞུ་དག་སོགས་ཉིན་མཚན་ངལ་དུབ་མེད་པའི་དགེ་བའི་བྱ་བ་ཟླ་བ་ཕྱེད་དང་ལྔའི་བར་བགྱིས་པའི་མཐར། བདག་ལ་བླ་མ་འདི་མཆོག་ཏུ་སྐུ་དྲིན་ཆེ་བ་ཞིག་ཡིན་ནའང་ཞལ་བཞུགས་པའི་དུས་ཟང་ཟིང་གི་འབུལ་བ་མང་པོ་བགྱིས་མོད།