R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༣
[A:༡༦༣] ཕ་མ་དྲིན་ཆེན་གྱི་ནོར། ངེད་ཀྱི་ལག་ལ་རྡར་ཕུལ་བ་ཙམ་དུ་འདུག་པ་ནས་བསམ་པ་མ་རྫོགས། འདི་ཙམ་གྱིས་ཀྱང་བློ་ཁ་ཁེངས་པ་མེད་ནའང་རེ་ཞིག་ཅི་འབྱོར་དུ་ཟད་པས། དེ་སྔ་ཡན་རང་ཉིད་ལ་གང་ཡོད་ཀྱི་རྟེན་གསུམ་མཆོད་ཆ་ཐམས་ཅད་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཙམ་ཞིག་དང༌། བྱིན་རླབས་རྟེན་གྱི་དབང་བུམ་ཆ་གཅིག །ཏིང་བདུན་ཚར་གཅིག་མ་གཏོགས་ཚང་མ་གཙུག་ལག་ཁང་དུ་ཕུལ། དེས་མཚོན་པའི་དུས་དེར་ལག་ཏུ་ཡོད་པའི་བདོག་པའི་དངོས་པོ་ཐམས་ཅད་ལྟོས་མེད་དུ་ཕུལ་ཞིང༌། སླད་ནས་མཆོད་ཆའི་རིགས་གང་བྱུང་དེ་འབུལ་བཞིན་པ་འདི་ག་ལགས། དེ་སྐབས་མངའ་རིས་དཀར་རུམ་པ་ཆུ་ཕུག་དབོན་པོ་ཀུན་དགའ་རྣམ་རྒྱལ་བ་སོགས་ཁ་ཅིག་ལ་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་དང༌། རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ་གང་ཐོས་དེ་ཚང་བའི་ལུང་ཡང་ཕུལ་དེའི་རབ་གནས་ལ་ཕ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱན་དྲངས་ནས་རབ་ཏུ་གནས་པ་རྒྱས་པར་མཛད། རྟེན་བཞེངས་མཛད་པའི་དཔའ་རྟགས་ལ་གུར་གྱི་མགོན་པོའི་གསང་ཁྲིད་ཐུན་མོང་མ་ཡིན་པ་ཞལ་ངོ་དྲུང་ལ་གནང་གི་འདུག་པའི་ཕྱག་ཕྱིར་ཐོབ། བསྙེན་སྒྲུབ་ལས་གསུམ་གྱི་ཁྲིད་དམིགས་སོ་སོའི་ཐད་དུ། དེ་དང་དེའི་རྟགས། ཉམས་དང་རྨི་ལམ་གང་རིགས་སུ་གསལ་པོར་ཐོབ། ས་སྐྱའི་བསྟན་ལ་དད་པ་མང་ན་ཡང༌། །ས་སྐྱའི་རྗེ་ལ་ཆིག་དྲིལ་བྱེད་པ་ཉུང༌། །ས་སྐྱའི་སྦྱིན་བདག་ཁྱད་ཅན་ཁྱོད་ཡིན་པས། །ས་སྐྱའི་ཆོས་སྲུང་དབང་པོ་གཏད་ཀྱིས་ལོང༌། །ཞེས་