R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༤
[A:༡༦༤]གསུངས་གདམས་པའི་ཉིང་ཁུ་གནང་བའི་མཐུས། །ཡིད་ཆེས་མཚན་མ་མང་པོ་ཁོ་བོས་མཐོང༌། །ཨ་ཧོ་གྲུབ་པའི་ཞབས་ལུང་མ་ཉམས་པ། །ཐོས་ཚེ་སྙིང་ལ་ཀུན་དགའ་ཅི་ཡང་ཐོབ། །དེ་ནས་ཕ་བླ་མ་དཔལ་ཞྭ་ལུ་གསེར་ཁང་གི་སེང་གེའི་ཁྲི་ལ་མངའ་གསོལ་བ་ལྟར། །བདག་ཀྱང་དེ་དང་མཚུངས་པར་མ་ཧེ་མཆོད་པའི་ལྟས་མོ་ཞུས་རིམ་བཞིན་གསུངས་ངག་རིན་པོ་ཆེ་གསོལ་བ་འདེབས་པའི་ཁུངས་བྱས་དེ་གའི་དུས་སྒྲིགས་ཞུས་ཡོད་ནའང༌། སྡེ་སྲིད་རིན་པོ་ཆེའི་སྐུ་མཚམས་ཀྱི་སྲུང་འཁོར་དང༌། དེ་གྲུབ་མཚམས་ཟམ་འཚེར་གྱི་བླ་མ་གྱིས་གསུངས་པའི་བཀའ་ཇི་ཙམ་འབད་ཀྱང་ཟློག་མ་ནུས་པར་མི་བྱེད་ཁ་མེད་བྱུང་བ་ནས་ཅུང་ཟད་འགྱངས། སླར་རང་ལོ་སོ་བཞི་པ་སྦྲུལ་ལོ་ཟླ་བ་དང་པོའི་ཚེ་བཞི་ལ་ཞབས་དྲུང་དུ་སླེབ་པ་བཞིན་རི་ཕུག་ཆོས་ཀྱི་མངོན་པར་མཐོ་བའི་གྲུབ་གནས་སུ་གསུང་ངག་རིན་པོ་ཆེ་ཚུགས་ས་གནང༌། དེ་མཚུངས་རྗེ་བླ་མ་འཇམ་པའི་དབྱངས་བྱང་གླིང་རིན་པོ་ཆེ་ཡང་དཔལ་འཁོར་བདེ་ཆེན་ནས་སྤྱན་དྲངས་ཏེ་རྣལ་འབྱོར་རྒྱུད་ཀྱི་དབང་བཅུ་གསུམ་པོ་ཡོངས་སུ་རྫོགས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུས། དེ་སྔ་ཡན་བླ་མའི་དྲུང་དུ་ཆོས་འཆད་པ་སོགས་ཡེ་བྱེད་ཀྱི་མེད་ནའང༌། དེར་བླ་མ་ཡབ་སྲས་གཉིས་ཀའི་བཀའ་མ་ཆོགས་པར་ཟུར་འཆད་པར་བགྱིས་ཏེ། རྗེ་བླ་མ་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས་དང༌། མཁན་ཆེན་བྲག་དམར་བ། རི་ཕུག་དབུ་མཛད་ཆེན་པོ་སོགས་གཞིས་བྱེས་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོ་ལ། དཔལ་མཁའ་འགྲོ་རྒྱ་