R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༠
[A:༡༧༠] དེ་ནས་ཟླ་བ་དགུ་པའི་ཚེས་བཞི་ལ། བདག་གི་བླ་མ་གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་ལྕེ་སྟོན་རིན་པོ་ཆེ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་བང་ཆེན་སླེབ་པ་ནས་ཉིན་མཚན་བཤད་ནས་འོངས་ཏེ། སྐུ་གདུང་རིན་པོ་ཆེའི་ཕྱག་ཕྱི་དགུང་ཞག་གི་གསོལ་འདེབས་སོགས་བསྒྲུབ་ཅིང་པ་རྣམ་བསམ་སྡིངས་སུ་རེ་ཞིག་བསྡད་པ་ན། འཁྲིས་ཀྱི་རྒྱལ་པོ་དེས་ཅུང་ཟད་བར་ཆད་བྱེད་ཀྱི་འདུག་ནས་རྨི་ལམ་དུ་ལེགས་པར་བཏུལ། དེ་ཚེ་སྡེ་པ་ཨ་བརྟན་དྲུང་ཕེབས་ཏེ་དགོངས་པ་རྫོགས་ཐབས་ཀྱི་གསོལ་འདེབས། གདུང་བརྒྱུད་རིན་པོ་ཆེ་ལ་ཆེ་འདོན། ཕྱག་ཕྱི་རྣམས་ལ་གང་ལ་གང་འོས་ཀྱི་བདག་རྐྱེན་སོགས་ཕྱིས་ཀྱི་མིག་ལྟོས་ལ་ཕན་པ་ཞིག་མཛད་སོང་ནའང༌། ནང་དེ་ན་བཅུད་འཕྲོག་མའི་མཚན་ཉིད་ཐམས་ཅད་ཚང་བ་ཞིག་གདའ་བ་དེ་ཁམས་བཟང་རིང་བར་ཚོགས་ཁང་པས་ཇི་ཙམ་འབད་ཀྱང་ལུགས་གཉིས་ནས་གོ་ཚུགས་མི་ཡོང་བ་ཐག་ཆོད་གདའོ། །དེ་ནས་རིན་ཅེན་སྒང་དུ་སླེབ་སྣོད་ལྡན་བཅུ་གཅིག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྭ་ཁྲིད་སྙན་བརྒྱུད་ཀྱི་མྱོང་ཁྲིད་དང༌། ཚོགས་པ་བྱིངས་ལ་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་ཆོས་དུ་མ་སོ་སོའི་བཞེད་པ་བཞིན་བཤད། ངེད་ཡོན་ཏན་གྱི་ཆ་ཤས་ཁྱི་ལ་འདུག་ཀྱང་ལེན། ཡོན་ཏན་མེད་པའི་བླུན་པོ་གོས་བེམ་ཅན་རྟ་དྲེལ་མང་པོ་ཅན་ལ་བློ་མི་འགྲོ་བ་ཞིག་བདོག་པས། དགེ་སློང་ཟླ་རྒྱན་པ་ཞེས་བྱ་བ་ཕུར་པའི་རྩ་འཆམས་དགའ་མོ་ཤེས་པ་ཞིག་ཡོད་པ་དེ་ལས་ས་ཕུར་གྱི་འཆམས་མཐར་ཕྱིན་པ་ཞིག་ཀྱང་བླངས། རང་ལོ་སོ་དྲུག་པའི་ལུག་ལོ་ཟླ་བ་དང་པོ་ལ། རིན་སྤུངས་རྒྱལ་པོའི་ཁབ་ཏུ། ལྕེའི་སྔགས་འཆང་གྲུབ་བརྙེས་དགེ་སློང་