R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༡
[A:༡༧༡]ཆོས་བཟང་བཀྲ་ཤིས་པའི་ཞལ་སྔ་ནས་བྱམས་ཆེན་ནས་སྤྱན་དྲངས། ཕ་ཆོས་འཆར་ཀ་སྒྲོམ་བུ་མའི་དབང་ལུང་མན་ངག་ཐམས་ཅད་རྫོགས་པར་ཐོབ། བྱིན་རླབས་ཀྱི་མཚན་མ་ཡ་མཚན་པ་ཞིག་ཀྱང་བྱུང་ཞིང༌། གཞན་ཡང་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་སོགས་དབང་ལུང་ཁ་ཡར་ཞུས། ཕར་ཡང་དགོངས་བཞེད་དང་བསྟུན་ཐུགས་སྒྲུབ་ཀྱི་དབང་འབྲིང་པོ་ཕུལ། ཟླ་བ་དེའི་ཚེས་བཅུ་གཉིས་ལ་མྱུག་ཏུ་སླེབ་པ་བཞིན། དེ་དང་རྩེ་བསྟུན་ཞྭ་ལུ་ནས་རྗེ་བླ་མ་བྱང་གླིང་འཇམ་པའི་དབྱངས་སྤྱན་དྲངས་མྱུག་ཆོས་སྡེའི་བླ་བྲང་དུ་ཟླ་བ་གཉིས་ཀྱི་བར་ཆོས་རྗེ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་བྱ་སྤྱོད་དང༌། རྣལ་འབྱོར་བླ་མེད་ཀྱི་དབང་རྗེ་ཉིད་ལ་ཇི་ལྟར་མངའ་བ་ཐམས་ཅད་རྫོགས་པར་ཞུས། ཕར་བདེ་ཆེན་རལ་གཅིག་གི་སྨིན་གྲོལ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་བར་ཡོངས་སུ་རྫོགས་པ་དང༌། མི་གཡོ་བ་བླ་མེད། ཚེ་དཔག་མེད་ཉེར་སྒྲུབ་རྣམས་ཀྱི་དབང༌། ཁྱུང་ཁྲ། སྣ་ཚོགས་ཡུམ་སོགས་རྗེས་གནང་ཁ་ཡར་དང༌། ཕྱག་ཕྱི་བ་རྣམས་ལ། སྒྲོལ་མ་བླ་མེད། མགོན་པོ་བེང༌། ཕྱག་བཞི་པ་རྣམས་ཀྱང་ཕུལ་ཞིང༌། ཟང་ཟིང་གི་འབུལ་བ་ཞབས་ཏོག་ཀྱང་ཐུགས་ཀྱི་ཤིང་རྟ་ཡོངས་སུ་ཁེངས་པ་བགྱིས་སོ། །དེ་ནས་རང་ཉིད་དགེ་སྦྱོར་གང་འཕེལ་ཞིག་བྱེད་སྙམ་པ། རྗེ་མི་ལ་རས་པ་ལྟར་ལྟོགས་གུགས་ལ་ནི་མི་ཚུགས། མི་གཞན་ལ་རེ་བ་ལས། ཨ་ཇོ་དྲུང་འདིས་སྐྱོ་ངལ་མེད་པར་ལྟོ་གོས་ཐམས་ཅད་བཟབས་ཡང་དག་གནང་བ་འདི་ཟབ་རང་ཁྱེ་མོད། ག་ཤེད་དུ་བསྡད་ཀྱང་ལྷག་པོར་འུ་ལག་འཕེལ་བ་ལས་མི་འདུག་པས་ཉེ་འཁོར་ཤིག་ཏུ་དབེན་དགོན་ཆུང་ངུ་ཞིག་བཏབ་པའི་དགེ་སྦྱོར་དང༌། དད་པ་དང་སྐལ་ལྡན་བྱུང་ན་འཆད་ཉན་གོང་འཕེལ་ཡིན་པ་ལ། ཁུར་འཁུར་དགོས་མང་པོའི་སྡུག་པོ་དེ་འདྲ་མ་