R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༢
[A:༡༧༢]ཡིན་པར་རང་དབང་འདུས་ལ་སོ་བསོད་པ་ཞིག་བྱེད་སྙམ་པ་ལྟར། ཕ་བླ་མ་ཐུགས་དམ་བརྟག་པ་ཞུས་པས་འདི་ཉིད་བབས་བྱུང་བ་བཞིན། ཟླ་བ་གསུམ་པའི་ནང་དུ་དཔལ་སྦུག་འདེབས་པའི་འགོ་ཚུགས། ཞལ་ངོ་བགྲེས་གཞོན་ཚང་མས་ལས་བྱེད་རྣམས་ལ་སྐབས་ཆང༌། ཐུག་པ། བཞེས་སྤྲོ་སོགས་འཕྲལ་འཕྲལ་དུ་སྐུ་དྲིན་བསྐྱངས། ནང་གཟན་སྐྱ་སེར་རྒན་གཞོན་ཐམས་ཅད་ཀྱིས་ལས་ཆོས་སུ་མཐོང་བའི་མོས་གུས་ཀྱིས་དཔུང་པ་ས་འོག་ཏུ་བཅུག་པའི་ལས་ཀ་ཤུགས་དྲག་ཏུ་མཛད། མངའ་ཞབས་པ་རྣམས་ཀྱིས་ལས་ཀ་བློས་ལོངས་ལ་བཞུན་པ་བྱས་པ་བཞིན་ཟླ་བ་ལྔ་པ་ཚུན་ལ་ཤིང་རྩི་ཚུན་ཞབས་སུ་ཆུད་ལ། དེའི་སྐབས་ཕ་བོང་གཡག་དྲུག་འགྱུར་ཙམ་གྱི་ཆེན་པོ་སྒྲིལ་བ་སོགས་དྲག་རྔལ་ཁོ་ནའི་ངང་ལ་སོང་མོད། སུ་ལའང་རྨས་ཞུར་ཙམ་ཡང་མེད་ཅིང་ལེགས་ཚོགས་ཀྱི་རྟེན་འབྲེལ་མང་དུ་བྱུང༌། དེའི་ཚེ་རྗེ་བཙུན་དམ་པ་པ་རྣམ་ན་ཕེབས་འདུག་པ་ནས་མཇལ་དུ་ཕྱིན། རྡོ་རྗེ་འཇིགས་བྱེད་ཞེ་དགུ་མའི་དབང་སྐུ་དྲིན་གྱིས་བསྐྱངས། པ་རྣམ་ལྷུན་གྲུབ་རྩེའི་ཟིལ་གནོན་དུ་སློབ་དཔོན་ཆེན་པོས་ལུང་བསྟན་ཞིང་རིགས་འཛིན་ཆེན་པོ་བསྟན་གཉིས་གླིང་པའི་ཐུགས་སྲས་ཆོས་རྗེ་དཔལ་འབྱོར་ལྷུན་སྡིངས་པའི་དྲུང་ལ་རང་བཞིན་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གྱི་དབང་རགས་པ། ལུང་ཤིན་ཏུ་ཞིབ་པ། ཁྲིད་དམིགས་ཀྱང་ཡོད་ཙམ་དང་བཅས་པ་ཕུལ། དེ་ནས་ཟླ་བ་བཞི་པ་ལ་མཁས་པའི་འབྱུང་གནས་དཔལ་ཞྭ་ལུ་གསེར་བཀང་གི་ཆོས་གྲྭར་ཕ་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས་ཀྱི་དྲུང་དུ་སླེབ། ཉིན་རེ་བཞིན་གསུང་ཆོས་ཐུན་གསུམ་མ་སྐུ་དྲིན་བསྐྱངས་ཏེ། གསང་འདུས་རིམ་ལྔ་སོགས་ཁྲིད་ཆེ་ཆུང་འདྲེས་པ་བརྒྱད་སོ་སོའི་ལུང་དང་བཅས་པ་སོགས་ཆོས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པའི་སྐུ་དྲིན་ཐོབ། བྲག་དམར་མཁན་ཆེན་སོགས་