R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༧༣
[A:༡༧༣]དགེ་བཤེས་མང་པོ་ལ། འཇམ་དབྱངས་སྨྲ་སེང༌། གཙུག་ཏོར་འབར་བ། སྨན་བླ་བདེ་གཤེགས་བརྒྱད། རྟ་མགྲིན། སྒྲོལ་དཀར་སོགས་རྗེས་གནང་མང་པོ་དང༌། མ་ཎི་བཀའ་འབུམ་སོགས་ལུང་བསམ་གྱིས་མི་ཁྱབ་པའང་སོ་སོའི་ཐུགས་བཞེད་དང་བསྟུན་ནས་བར་མ་ཆད་པར་ཕུལ། དེའི་ཚེ་གསང་འདུས་མི་བསྐྱོད་པའི་དབང་མ་ཐོབ་པ་མང་དུ་འདུག་ནའང༌། ཕ་བླ་མ་ཐུགས་བྲེལ་གྱིས་གནང་མ་ཐུབ་པར། རིམ་ལྔ་དོན་དུ་གཉེར་བ་པོ་རྣམས་ཀྱིས་ནན་གྱིས་གསོལ་བ་བཏབ། ཕ་བླ་མའི་གསུང་གིས་ཅིས་ཀྱང་དབང་བསྐུར་གྱིས། དེའང་དཔེ་ཐོག་ནས་ལྟ་ཅི། འགྱུར་མི་འདྲ་བ་ཚུན་ཐམས་ཅད་མཁྱེན་པ་རང་གི་ཡི་གེ་ན་གང་ཡོད་མ་གཏོགས་རིགས་མཐུན་སྦྱོར་བ་སོགས་ཡེ་མ་བྱེད་ཕེབས་པའི་བཀའ་ནི་ཟློག་པར་མ་ནུས། དེ་སྔ་སློབ་གཉེར་བྱེད་པ་ལྟ་ཅི་སྨོས། དཔེ་ཆ་ཡང་མ་མཐོང་མོད། ཁོང་རང་ཚོས་དཔེ་ཆ་བསྐྱལ་བྱུང་བ་ལྟར། ཉིན་མོ་ནི་གསུངས་ཆོས་ཀྱི་གཡེངས་ནས་ལྟ་ལོང་ཡེ་མ་བྱུང༌། མཚན་མོ་དགེ་སྦྱོར་ཚར་རྗེས་མར་མེ་ལ་བཟུང་བས་ཞག་གསུམ་ལ་གཏོར་ཆོག་མ་གཏོགས་ལྷན་ཐབས་དང་བཅས་པ་བློ་ལ་ཆུད་བྱུང་བ་ལྟར། དཔལ་ཞྭ་ལུའི་དྲུང་ཆེན་གྲགས་པ་རྒྱལ་མཚན་པ་དང༌། ལྷུན་གྲུབ་པ་སོགས་ཆེན་སློབ་ཕལ་ཆེ་བ་དང༌། ཆོས་རྗེ་བྲག་དམར་མཁན་ཆེན་པ། ཨེ་ཆོས་སྡེ་བྲག་མོ་ཆེའི་ཆེན་པོ། གྲྭ་ཚང་ཆེན་མོ་བའི་སློབ་དཔོན་སོགས་གཞི་བྱེས་ཀྱི་བླ་མ་དགེ་བཤེས་དྲག་བསྡུས་དབང་ཆ་གཉིས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྒྱས་པར་ཕུལ། དེ་ནས་སེམས་ཉིད་ངལ་གསོའི་ཁྲིད་གནང་བ་ན་སྔར་ཕན་དབང་དང་ངེས་པར་འབྲེལ་བ་རང་ཅུང་མ་བྱུང་བ་འདྲ་ནའང༌། སྤྱིར་ཡང་སྨིན་གྲོལ་ཡ་མ་བྲལ་བ་ལེགས་ཤིང༌། ཁྱད་པར་འདི་ད་ལྟ་འདི་ཕྱོགས་བཀའ་ཆད་འདུག་པ་གསོ་ཐུབ་པ་ན་ལེགས་ཕེབས་པ་ལ། བཀའ་རྒྱ་འཇིགས་འཇིགས་གང་ཡང་འདུག་