R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༥
[A:༡༨༥]བརྟན་མ་སོགས་རྗེས་གནང་མང་པོ། ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་སོགས་ལུང་མང་པོ་དང༌། གྲུབ་པའི་དཔལ་གྱིས་ཕྱུག་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་མཛད་པ་སྐྱོ་སྟོན་རིན་པོ་ཆེ་ཡབ་སྲས་ཀྱིས་དབུ་མཛད། ཕྱོགས་དེའི་གསང་སྔགས་རྙིང་མའི་གཞུང་ལུགས་འཛིན་པ་དྲུག་ཅུ་ཙམ་ལ་སྒྲུབ་ཆེན་བཀའ་བརྒྱད་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་སྒྲུབ་ཆེན་མཚན་ཉིད་ཚང་བའི་སྒྲུབས་དབང་རྒྱས་པ་དང༌། དྲག་བསྡུས་ཤིག་ལ་གསང་བ་ཡོངས་རྫོགས་ཀྱི་དབང་དྲེགས་པའི་སྲོག་དབང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་བཅས་པ་རྒྱས་པར་བགྱིས་ལ། དེའི་ཚེ་ཡང་བྱིན་རླབས་ཀྱི་ལྟས་ཆེན་པོ་ཞིག་ངེད་རང་ལ་བྱུང༌། བདེ་གཤེགས་འདུས་པའི་རྒྱུད་ལུང་ཉི་ཤུ་སོགས་ལུང་ཕལ་ཆེ་བའང་བགྱིས། རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་ཤིང་དྲག་སྔགས་ཀྱི་ནུས་པ་མཐར་ཕྱིན་པའི་གཉགས་སྟོན་རིན་པོ་ཆེ་དཔོན་སློབ་ཀྱིས་ཞུས་ནས་དད་ལྡན་མང་པོ་ཞིག་ལ་སྤྲུལ་སྐུ་པདྨ་གླིང་པའི་གཏེར་ཆོས་བླ་མ་ནོར་བུ་རྒྱ་མཚོའི་སྟ་གོན་དབང་ཆོག་རྡོ་རྗེ་གོ་ཁྲབ་ནས་རྣམ་སྲས་དམར་པོའི་བར་དབང་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ཚེ་དབང་དང་བཅས་པ་དང་གཞན་ཡང་བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་གྱི་དབང་ལུང༌། གཏེར་མགོན་ཕྱག་བཞི་པ། ཙ་རི་ཞིང་སྐྱོང་སེང་གེའི་གདོང་ཅན་སོགས་སོ་སོའི་བཞེད་པ་དང་བསྟུན་པའི་དབང་རྗེས་གནང་ལུང༌། ཕྱག་ལེན་