R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༦
[A:༡༨༦]སོགས་གང་ལ་གང་འོས་དཔེ་མཁྱུད་མེད་པར་ཉིན་རེ་བཞིན་ཆོས་ཐུན་གསུམ་གསུམ་མ་ཆག་པར་ཕུལ་ཞིང༌། རྗེ་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལས་ཀྱེ་རྡོར་བཀའ་བབས་ཕྱི་མ་གཉིས་ཀྱི་དབང༌། ཆོས་རྗེ་ཐམས་ཅད་མཁྱེན་པའི་བཀའ་འབུམ་གྱི་ལུང་ཡང་ཐུན་མ་ཆག་ཙམ་ཞུ་བ་སོགས་འདི་དག་གིས་གཡེངས་ནས་ཞིག་བསོས་རྣམས་ལ་ལྟ་ལོང་ཙམ་ཡང་མ་བྱུང་མོད། ཉེ་བར་གནས་པའི་བློ་བཟང་ཉིད་ཀྱིས་ལུས་ངག་ཡིད་གསུམ་གྱི་འགན་ཁུར་བས་ངེད་རང་ལ་རྣམ་གཡེངས་ཅི་ཡང་མེད་པར་གང་དགོས་ཐམས་ཅད་མ་ཆད་ལ་མ་ལྷག་པ་ཁྲིག་ཁྲིག་ལེགས་པར་གྲུབ་ཡོང་གི་འདུག་ཅིང༌། ཆ་རྐྱེན་ཡང་བླ་བྲང་ན་ནི་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་རྙེད་པར་མི་འདུག་མོད་གཙོ་བོར་མྱུག་ནས་སྡེ་པའི་དྲུང་གིས་ཡང་ནས་ཡང་དུ། ནས། ཤ །ཇ། ཐ་ན་སྦྱིན་ཚུན་ལྷུག་པར་གནང་བ་དང༌། ཆོས་སྡེ་བར་སྒོ་བས་ནས་ཀྱི་བརྒྱ་འབུལ་དང༌། སྡེ་སྲིད་ཆེན་པོ་ཁྲི་ཁང་པས་བརྒྱ་འབུལ། ཆོས་རྗེ་རིན་པོ་ཆེ་དགེ་ལུང་པ་དང༌། མྱུག་ལ་ཉེ་གནས་མས་ཀྱང་ནས་མང་པོ་ཕུལ་བས་རྒྱུ་བྱས་ཚེ་དཔག་མེད་ཀྱི་ལྷ་ཁང་དུ་ཚེ་དཔག་མེད་ཀྱི་སྐུ་སྟོང་ཙམ་བཞུགས་པ་མཆོག་ཏུ་བཀྲ་བའི་ཚོན་དང་བཀོད་པས་ཁྱད་པར་དུ་བྱས་པ་དང༌། གསུང་རབ་ལྷ་ཁང་ན་བཞུགས་པའི་པོ་ཏི་བརྒྱ་ཕྲག་མང་པོ་ལེགས་པར་སྒྲིགས། བཞུགས་ཁྲི་ལ་བཞུགས་སུ་གསོལ་བ་དང༌། གཙུག་ལག་ཁང་སོ་སོའི་གནམ་རྒྱན་གྱི་འདེགས་སོགས་གང་དང་ཅི་ཐམས་ཅད་ལ་ཤེས་ལྡན་གཟུ་བོར་གནས་པ་ཐམས་ཅད་དགའ་མགུར་ངས་ཐུབ་ངེས་འདི་གྲུབ་འདུག་པ་བཞིན། རབ་ཏུ་གནས་པའང་རྒྱུད་