R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༨
[A:༡༨༨]དམ་པའི་ཆོས་མཐའ་ཡས་པའི་སྐུ་དྲིན་ཞུས། ཟླ་བ་བདུན་པའི་ཚེས་ཉེར་གཅིག་ནས་བསྟན་པའི་བདག་པོ་རྡོ་རིང་རིན་པོ་ཆེའི་དབོན་དུ་སྐུ་འཁྲུངས་པའི་ལྷ་བཙུན་ཆོས་ཀྱི་རྗེ་བསོད་ནམས་དཔལ་བཟང་པོས་དབུ་མཛད། འཆད་ཉན་ཕེར་ངེས་ཀྱི་བླ་མ་ལྔས་གཙོས་པའི་སྐལ་ལྡན་ཉི་ཤུ་ཙམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ལེགས་པར་བཙུགས། དེ་དག་གི་ཁྲོད་ནས་རགས་བསྡུས་ཤིག་ལ་དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་དང༌། མགོན་པོ་ཁྲོ་བཅུ་ཟངས་གྲི་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སྙན་བརྒྱུད་སློབ་བཤད་ལས་འོངས་བའི་ཕྱི་ནང་གི་ཁྲིད། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་པའི་མགོན་པོད་མེ་འབར་མ་ཁ་སྐོང་དང་བཅས་པ། ངོར་ལུགས་ཀྱི་སེར་པོད། རྫོང་ཆེན་པ་ལུགས་དང༌། གོང་དཀར་རྡོ་རྗེ་གདན་པའི་ལུགས་ཀྱི་ཡི་གེ་རྣམས་མ་ཚང་བ་མེད་པའི་ལུང་སོགས་འབུལ་བཞིན་པ་འདི་ཡིན་ལ། ཟླ་བ་དགུ་པའི་ཚེས་བཞི་ནས་བཟུང་སྟེ། དཔལ་སའི་དབང་ཕྱུག་སྟོབས་ཀྱི་འཁོར་ལོ་སྒྱུར་བའི་སྡེ་སྲིད་རིན་སྤུངས་ནས་བཀས་བསྐུལ་ཞིང༌། རྒྱལ་སྲིད་ཆོས་ཀྱིས་བསྐྱངས་ཏེ་ཐུབ་བསྟན་བླ་མར་མཛད་པའི་སྦྱིན་བདག་ཆེན་པོ་གནས་གསར་ནས་ཀྱི་གནས་ཁང༌། འཚོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་སྦྱར་ཏེ། མཐོ་བཙུན་ཆོས་ཀྱི་རྗེ་མྱུག་མཁན་རིན་པོ་ཆེའི་དྲུང་དང༌། ལྷ་བཙུན་ཆོས་ཀྱི་རྗེས་དབུ་མཛད་པའི་བླ་མ་སློབ་དཔོན་བློ་གསལ་ཞིང་འདུན་པ་དང་བརྩོན་འགྲུས་