R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༩
[A:༡༨༩]ཀྱིས་མཛེས་པའི་དགེ་འདུན་དྲུག་ཅུ་ཙམ་ལ་ས་ཆོག་རྒྱས་པ་དང་བཅས་པའི་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། རྒྱུད་ཀྱི་རྒྱལ་པོ་འགྲེལ་པ་དང་བཅས་པའི་ལུང་དཀའ་བའི་གནས་སུ་བཤད་པ་དང༌། སྤྱི་དོན་གྱི་བཤད་པ་ཤིན་ཏུ་རྒྱས་པ་ཆོ་གའི་ལག་ལེན་དང་བཅས་པ་ལེགས་པར་འཆད་བཞིན་པ་འདི་ཡིན་ནོ། །དེའང་བླ་མ་རྡོ་རྗེ་འཆང་དེའི་སྐུ་དྲིན་གྱིས་བུ་ལུགས་ཀྱི་རྒྱུད་ཀྱི་བཤད་བཀའ་དང༌། ཇོ་ནང་པ་ལུགས་ཀྱི་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་གཞན་དྲིང་མི་འཇོག་ཙམ་ཡོད་ཀྱང༌། བུ་ལུགས་ཀྱི་ཕྱག་ལེན་ཕྲ་རགས་བསླབ་ཕྱིར། རྗེ་བླ་མ་བྱང་གླིང་འཇམ་པའི་དབྱངས་ཀྱང་ཉེ་བར་སྤྱན་དྲངས་ཤིང༌། ཆོས་རྗེ་སྒྲོམ་བུ་པ་བྱ་བའི་བླ་མ་གར་འཆམས་མཁས་པའི་ཚད་ངོར་ཆེན་པ་དེ་ལས་ལྷ་མོ་བཅུ་གཉིས་ཀྱི་མཆོད་གར་བསླབ་པ་སོགས་ཉིན་མཚན་དུ་རང་གཞན་བསླབ་སྦྱངས་ཀྱི་བྱ་བས་དུས་འདའ་བར་བགྱིས་སོ། །དེ་ནས་ཟླ་བ་བཅུ་གཉིས་པའི་ཉེར་དྲུག་ལ་ཕོ་བྲང་རིན་སྤུངས་སུ་དཔོན་སློབ་རྣམས་ཆིབས་བསུ་ལ་སོགས་པའི་བསྟི་སྟང་གྱ་ནོམ་པས་བསུས་ཏེ་སླེབ། ཉེར་དགུ་ལ་ས་ཆོག་གི་གར་རྒྱས་པ་བགྱིས་པའི་ཚེ། མེ་ཏོག་གི་ཆར་ཁ་བ་ལྟ་བུ་བབས། སྡེ་པ་རྒྱལ་བུ་ཁྲི་ཐོག་པ་འདི་སྐུ་གཞོན་ནུར་གྱུར་པ་དེས། ཁོ་བོ་ཅག་འཇམ་པའི་དབྱངས་དང༌། སློབ་དཔོན་པདྨའི་རྣམ་པར་རིམ་པས་གཟིགས་ནས་འཁོར་འདུས་པ་རྣམས་ལ་གར་པའི་གཙོ་བོ་ཕ་གི་ནི་འདི་དང་