R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༠
[A:༡༩༠]འདིར་འདུག་ཅེས་གསུངས་འདུག །དེ་ལྟར་རིམ་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་དཔེ་བྱ་བའི་འོས་སུ་གྱུར་པ་ཞིག་སྒྲུབ་ཅིང་མཆོད་པ་དང༌། མཆོད་གར་བ་དྲུག་ཅུ་ཐམ་པ་རྒྱན་དང་ཆ་ལུགས་གཞན་གྱིས་འགྲན་པར་མི་བཟོད་པས་དེར་འདུས་པའི་སྐྱེ་བོ་རྣམས་སྙིང་དགའ་བར་བྱས། རབ་གནས་དངོས་ནི། རྗེ་བཙུན་ཐམས་ཅད་མཁྱེན་པས་ཀྱེ་རྡོ་རྗེའི་རས་བྲིས་ལ་བརྟེན་པའི་རབ་གནས་འབྲིང་པོ་ཤར་ཙམ་ཞིག་གནང༌། རབ་སྟོན་ཤའི་ཕུང་པོ་སྤུངས་པའི་སྲིན་པོའི་གྲོང་དུ་སླེབ་པ་འདྲ་བའི་འཇིགས་ཞུམ་མེ་བ་གདའ། དེ་སྐབས་ཀྱི་རྟེན་འབྲེལ་ལེགས་ཉེས་ནི་སློབ་དཔོན་བཟང་རིང་གི་ཇག་པར་གདའོ། །དེ་ནས་རྗེ་དམ་པ་དཔལ་བྱམས་ཆེན་དུ་ཕེབས་པའི་དྲུང་དུ་བརྟེན་ནས། དཔལ་སྒྱུ་འཕྲུལ་ཆེན་པོ་སྙིང་རྗེའི་སྟོབས་ཀྱི་དབང་ཟབ་མོ་སྔོན་དུ་འགྲོ་བའི་དབྱིབས་སྔགས་ཆོས་ཀྱི་བདག་ཉིད་ཅན་གྱི་རྫོགས་རིམ་རྒྱུད་ཀྱི་བཤད་བཀའ་དང་བཅས་པ་ཟབ་མོ་གཙོ་བོར་ཞུས། ཞོར་ཉན་གྱི་ཚུལ་དུ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོ་སོགས་དབང་བྱིན་རླབས་དུ་མ་ལྷུག་པར་སྩལ་བ་རྣམས་ཞུས། ཆོ་འཕྲུལ་ཆེན་པོའི་ཚེས་བཅུ་བཞི་ལ་རོང་ངུར་སྨྲིག་གི་གཙུག་ལག་ཁང་ན་བཞུགས་པའི་རྗེ་བཙུན་མ་འདི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི་ཐུགས་དམ། པཎ་གྲུབ་མང་པོ་ལ་གསུང་བྱོན་པའི་ངོ་མཚར་ཅན་དུ་འདུག་པའི་གསོལ་བ་འདེབས་པར་ཕྱིན་ཏེ། སྒྲོལ་མ་མཎྜལ་བཞི་པའི་གསོལ་འདེབས་ཚར་