R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩༨
[A:༡༩༨]པ་འདི་སོ་སོའི་སྐྱེ་བོ་ཀུན་གྱི་སྲོལ་དུ་འདུག་པས་ཡི་གེར་མ་བཀོད་མོད། ངེད་ཀྱི་སྤྱོད་པ་དང་རྣམ་འགྱུར་རྣམས་ཐམས་ཅད་ཀྱིས་མངོན་གསུམ་དུ་གཟིགས་པ་འདི་ག་ཡིན་པས་ཡི་གེར་བྲིས་མ་བྲིས་ལ་མ་ལྟོས་ཤིང༌། སྦས་པས་སྦས་གོ་ཆོད་པར་ཡང་མི་འདུག་སྟེ། ཐོགས་མེད་དུས་ནས་གོམས་པའི་བག་ཆགས་ཤུགས། །བག་མེད་སྤྱོད་པ་མཁས་པས་ཁྲེལ་པའི་གནས། །གྲངས་མེད་བགྱིས་རྣམས་ཡི་གེར་ག་ལ་ལྡང༌། །སྒྲིབ་མེད་མངོན་སུམ་གཟིགས་པ་འདིས་ཆོག་མོད། །མཁས་རྣམས་ཡོན་ཏན་སྦེད་པ་ལྷུར་མཛད་མོད། །བྱིས་རྣམས་ཡོན་ཏན་ཅུང་ཟད་ངོ་སོར་འཁྱེར། །དེ་ཕྱིར་འབད་པས་རང་གི་ཡོན་ཏན་ཚོགས། །མ་སྦས་ཡི་གེར་བཀོད་པ་འདི་ཡིན་ནོ། །མདོར་ན་རབ་ཏུ་བྱུང་བའི་མདོ་དོན། ཚུལ་གནས་ཐོས་དང་བསམ་གཏན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཅེས་གསུངས་པ་དང་མཐུན་པ་ཞིག་དགོས་རྒྱུར་འདུག་པས་དེའི་དབང་དུ་བགྱིས་ན། སྤྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཉེས་པའི་དྲི་མ་མི་འབྱུང་བའི་རྒྱུ། ལྟུང་བ་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་གནང་བཀག་གི་སྤང་བླང་རྒྱས་པར་ཤེས་པ་དང༌། བསླབ་པ་ལ་གུས་པ་དང༌། འཇིགས་པ་དང་ངོ་ཚ་བས་བག་ཡོད་པ་དང༌། ཉོན་མོངས་ཉུང་བ་ཞེས་བྱ་བ་བཞི་པོ་འདི་ཡིན་པ་ལ། བདག་ལ་དེ་དག་ཆེར་མེད་ཅིང༌། དེ་དག་གི་ཟློག་ཕྱོགས་རྣམས་ཤས་ཆེ་བར་ཚང་བའི་མཐུས་སྡོམ་པའི་སྤང་བླང་ཕྲ་ཞིང་ཕྲ་བ་ནི་བསྲུང་བའི་སྔོན་ལ་ངོ་