R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༩
[A:༡༩]ན་ཝ་གྲོས་མགོ་གར་འཇུག་ཚང་བརླག་པ་འདི་འདྲ་མིན་པར།ཐོག་མར་ཞི་བས་འཕམ་བླངས། གལ་ཏེ་དེས་མི་འདུལ་ན་ཟློག་ཏུ་མེད་པའི་དཔའ་ནུས་ཀྱིས་ཕས་རྒོལ་དེ་སྟོབས་ཆེ་ཆུང་ལ་ཡེ་མ་ལྟོས་པར་སླར་མི་སྐྱེ་བའི་ཆོས་ཅན་དུ་ཐལ་བར་སྟོང་པ་སོགས་འཇིག་རྟེན་གྱི་ཕྱི་མོ་ཉན་ངེས་ཁོ་ན་མཛད། ཆོས་ཕྱོགས་ནས། དེང་སང་གི་བླ་གུམ་སྤྲ་ཅལ་ཁ་ཅིག་དང་མི་འདྲ་བར། སྤྱིར་ཆོས་དང་གང་ཟག་ཐམས་ཅད་ལ་དག་སྣང་ཕྱོགས་མེད་དུ་མངའ་བས། རང་རང་གི་ལུགས་ཀྱི་བསྟན་དང་བསྟན་འཛིན་ཐམས་ཅད་ལ་གུས་པ་དང་བསྟི་སྟང་དུ་མཛད་མོད། རང་གི་རྩ་བའི་གྲུབ་མཐའ་རྗེ་བཙུན་ས་སྐྱ་པའི་བསྟན་པ། དེ་ལས་ཀྱང་སྙིང་པོར་གྱུར་པ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ལས་སྟོན་དང་བསྟན་པ་གཞན་ནས་མི་འཚོལ། ཇ་སིག་རེ་ཙམ་དང༌། རྟ་དྲེལ་རེ་ཙམ་ལ་རྩ་བའི་གྲུབ་མཐའ་དང་བླ་མ་ཐམས་ཅད་འཚོང་བའི་ཐུགས་མནལ་ལམ་དུའང་མི་མངའ་བ་སོགས། ཆོས་དང་འཇིག་རྟེན་གཉིས་ཀ་ནས་དཔེ་ཐུབ་པའི་ལེགས་ཚོགས་ཁོ་ནས་དུས་འདའ་བའི་ངང་ནས། དགུང་ལོ་དྲུག་ཅུ་རྩ་བརྒྱད་བཞེས་པའི་ཆུ་ཕོ་ཁྱིའི་ལོ་ཁྲུམས་ཅན་གྱི་ཟླ་བའི་ཚེས་བཅུ་ལ་ཟབ་མོའི་རྣལ་འབྱོར་ལས་མ་གཡོས་བཞིན་དུ། ཐོག་མའི་ལུང་བསྟན་ལྟར་ན། སྐུ་སྐྱེ་བ་གསུམ་བརྒྱུད་དགོས་པར་སྣང་མོད། དེའི་རྗེས་སུ་ལམ་ཟབ་མོ་དུ་མ་ཞིག་གི་ནུས་པས། སྐྱེ་བ་དེ་ཉིད་ཀྱིས་བྱང་ཕྱོགས་རྒྱལ་བའི་ཞིང་དུ་འབྱོན་པའི་ལྟས་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་དང༌། མཁའ་འགྲོ་ཆོས་སྐྱོང་གི་བསུ་བ་མངོན་སུམ་དུ་