R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༠
[A:༢༠]བདག་ཅག་རྣམས་ཀྱིས་མཐོང་བ་དང་མ་མཐོང་བ་དུ་མ་དང་བཅས་ཏེ་ཞི་བར་གཤེགས་པའི་ཚུལ་བསྟན་རིན་ཐང་མེད་པའི་རིན་པོ་ཆེའི་ཕུང་པོ་སྐུ་གདུང་དེ་ཉིད་བདག་ནི། བསོད་ནམས་དམན་པས་ཕྱག་ཕྱི་མ་ཐུབ། ཆོས་ལུང་ནས་མཁན་རིན་པོ་ཆེས་མཆོད་སྤྲིན་རྒྱ་མཚོས་བསྟབས་ཏེ་ཞུགས་ལ་ཞེན་པའི་ཚེ་མེའི་ཚོགས་ཀྱིས་སྐུ་ལ་རེག་པར་མ་ནུས་པར་རེ་ཞིག་ན་ཐུགས་ཀའི་ཐད་ནས་མེ་རང་འབར་ཏེ་ཡུད་ཀྱིས་ཞུགས་བཞེས་ཤིང༌། གདུང་ཐམས་ཅད་རིང་བསྲེལ་གྱི་ཕུང་པོར་གྱུར། ཆེས་དཀར་བའི་ས་ལ་སྐུ་གདུང་ཅུང་ཟད་བསྲེས་ནས་དཔལ་ཕྱག་ན་རྡོ་རྗེའི་སྐུ་ཁྲི་ཁྲག་མང་པོ་བཏབ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་བཻཌཱུརྱ་སྔོན་པོའི་མདོག་ལྟ་བུར་འགྱུར་བ་སོགས། གཟུ་བོར་གནས་པ་ཐམས་ཅད་མི་ཕྱེད་པའི་དད་པ་ལ་འགོད་པར་མཛད་པའི་ལྟས་དུ་མ་ཞིག །སྐྱེ་བོ་མང་པོའི་མཐུན་གྲུབ་ཏུ་བྱུང་བ་ཡིན་ནོ། །དེས་ན་རང་ཅག་འདིའི་རིགས་སུ་སྐྱེས་པ་རྣམས། དུས་ཀྱིས་མ་ཁྱོགས་པ་ལ་ཁག་བཏང༌། སྐུ་ཡོན་ཆེ་བར་གྲགས་པ་མང་པོའི་ལད་མོ་བྱས། མི་ཆོས་ཀྱི་མནའ་དང༌། ལྷ་ཆོས་ཀྱི་དམ་ཚིག་ལ་རྩི་འཇོག་མེད་པར། དགོས་པའི་དབང་ཡིན་པས་སྐྱོན་མེད་ཅེས་གང་ངན་ལ་ངོ་སོར་འཁྱེར་བ་དེ་འདྲ་རྨི་ལམ་དུ་ཡང་མི་བྱ་བར། ཕ་རྒན་དེས་ཇི་ལྟར་མཛད་པའི་རྗེས་སུ་ཞུགས་ནས། ཆོས་དང་འཇིག་རྟེན་ཟུང་འཇུག་ཏུ་ཁྲིག་ཁྲིག་བྱས། འདི་ཕྱི་གཉིས་ཀ་ཡོད་པ་རེ་མི་བྱེད་ཀ་མེད་ཡིན་པས། ནོར་སུ་ཆེ་དང་སྟོང་འུར་སུ་ཆེ་ལ་བླ་མ་མི་རེ། རྟ་དྲེལ་དང་གྲུབ་མཐའ་མི་བརྗེ། ལུགས་གཉིས་ནས་རང་ལུགས་ཟིན་ངེས་རེ་དགོས་སོ་ཞེས། ཕྱིས་འབྱུང་