R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༡
[A:༢༡]བའི་རིགས་ཀྱི་ཚ་བོ་རྣམས་ལ་བཙུན་རྒན་འབའ་སུ་བ་དེས་ཁ་ཆེམས་སུ་བཞག་པ་ཡིན་ནོ། །ཡིད་བཞིན་ནོར་བུས་གཏམས་པའི་ཆུ་གཏེར་གྱི། །ཁ་དོག་མཐོང་བས་སྐྲག་པའི་རྡར་མ་རྣམས། །ཕྱོགས་དེའི་གཏམ་ཡང་བདག་གིར་མི་བྱེད་ན། །རིན་ཆེན་བགོ་སྐལ་ཐོབ་པའི་སྐལ་བ་ཅི། །ལྟར་སྣང་འཇིག་རྟེན་སྤྱོད་པར་མཐོང་བ་ཡིས། །ཡུན་རིང་བསྟེན་ཀྱང་པད་མཚོའི་སྦལ་པ་བཞིན། །སྐལ་དམན་ཕལ་གྱིས་དམ་པར་མ་མཐོང་ན། །རྒྱུས་མེད་སྐྱེ་བོ་རྣམས་ལ་སྨོས་ཅི་དགོས། །ཁ་ཅིག་གཞན་ཟེར་ཙམ་ལ་ཚད་མར་འཛིན། །ལ་ལ་སྡང་བར་ཞུགས་པས་ཡིད་དབང་འཁྲུགས། །ཕལ་ཆེན་ཡོན་ཏན་སྐྱོན་གྱི་དབྱེ་འབྱེད་བྲལ། །དེས་ན་དམ་པའི་ཡོན་ཏན་མཐོང་བ་ཉུང༌། །ཁ་ཅིག་དེ་ལ་འདི་འདྲ་མ་བྱུང་བས། །ཁྱེད་ལ་ཅི་འབྱུང་དེས་ན་བརྫུན་ཡིན་སྙམ། །སེམས་ཡོད་སྐྱེ་བོ་ཕལ་ལ་མི་འབྱུང་བ། །དེ་ཕྱིར་དམ་པའི་ཡོན་ཏན་མཆོག་ཏུ་གྲུབ། །ཨ་ཧོ་འཇིག་རྟེན་ཕུན་ཚོགས་མཐའ་དག་ལ། །རོལ་བཞིན་འཇིག་རྟེན་སྤྱོད་ལས་འདའ་འགྱུར་བ། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ལ། །རོལ་ཁྱོད་འཇིག་རྟེན་འདི་པར་ཕལ་གྱིས་མཐོང༌། །བདག་ནི་དུས་འདི་ནས་བཟུང་བྱང་ཆུབ་བར། །བདག་ཉིད་ཆེ་ཁྱོད་ཞབས་རྡུལ་བསྟེན་བགྱིད་ན། །བདག་དང་བདག་གིར་བྱས་པའི་སྤུན་རྣམས་ཀྱང༌། །བདག་ལྟའི་གཡུལ་ལས་རྒྱལ་བར་མཛད་དུ་གསོལ། །དེ་ལྟར་བདག་གི་ཕ་རྒན་དེ་བལྟམས་ནས་རིང་པོ་མ་ལོན་པ་ན་ཡུམ་དེ་ཉིད་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལ་བརྟེན་ནས། གཙང་ཚོང་འདུས་མགུར་མོའི་ཁྲི་དཔོན་ལུགས་གཉིས་ཀྱི་