R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༣༠
[A:༢༣༠] ཞིང་སྐྱོང་ཀུན་དགའ་གཞོན་ནུ་སྒར་ལུགས་ཀྱི་རྗེས་གནང་དང་བཅས་པ། དཔལ་མགོན་བེར་ནག་ཅན་གྱི་རྗེས་གནང༌། ཏྲག་ཤད་སྤུ་གྲི་གཅིག་ཤུར་གྱི་རྗེས་གནང་ཤོག་དྲིལ་བཅུ་གསུམ་སོགས་མན་ངག་དུ་མའི་ལུང༌། ཇོ་མོ་བཀྲ་ཤིས་ཚེ་རིང་མའི་རྗེས་གནང་མན་ངག་དང་བཅས་པ་རྣམས་ཐོས་ཏེ། དེ་ལྟར་ན་རེ་ཞིག་གསང་སྔགས་གསར་མའི་ཕྱོགས་ནི་དེ་ཙམ་མོ། །གསང་སྔགས་རྙིང་མ་བཀའ་གཏེར་དུ་གྲགས་པའི་དང་པོ་བཀའ་མའི་ཕྱོགས་ལ། ན་རག་དོང་སྤྲུགས་དམ་པ་རིགས་བརྒྱའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་རིམ་གྱིས་ལུགས་ཀྱི་དབང་རྫོགས་པ་ལུང་དང་བཅས་པ། རྗེ་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་སྙན་བརྒྱུད་དུ་གདམས་ཤིང་མི་རབས་བདུན་གྱི་བར་འཇའ་ལུས་ཀྱི་མིང་ཅན་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་ཁོ་ན་བྱུང་བའི་ཟབ་ཆོས་རྡོ་རྗེ་ཟམ་པའི་སྐོར་ལ། ཡང་དག་གྲུབ་པ་ལྷ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་འབྲིང་བསྡུས་གསུམ་ཚེ་དབང་དང་བཅས་པ་ཞུས་ནས་རྡོ་རྗེ་ཟམ་པའི་ཉམས་ཁྲིད། ཡི་གེ་མ་ཚང་བ་མེད་པའི་ལུང༌། བཀའ་སྲུང་འབར་བའི་གདོང་ཅན་མའི་བཀའ་གཏད་དང་བཅས་པ། ཕུར་པ་མན་ངག་དྲུག་པའི་དབང༌། ལྕམ་མཆོད་གནས་མའི་ལུགས་ཀྱི་ཚེ་དབང༌། གཤིན་རྗེ་འཁོར་ལོ་ནག་པོའི་སྐོར་ལ། རིག་རྒྱལ་ཆེན་པོ་ལྷ་ཞེ་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་བམ་ཆེན་གསང་པའི་དབང་བཞི་ཡོངས་སུ་རྫོགས་པ། དབང་འབྲིང་པོ། བཀྲ་ཤིས་ཚེ་དབང་རྣམས་ཞུས་ནས། སྟོད་དཀར་པོ་བྱང་ཆུབ་ལམ་གྱི་སྒྲོན་མ་དང༌། སྨད་དྲག་པོ་ལས་ཀྱི་འཁོར་ལོ་ནག་པོར་སྒྲུབ་པའི་མན་ངག་ཡོངས་སུ་རྫོགས་པ། འཇམ་དཔལ་