R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༣
[A:༢༤༣]བགྱིས་ཏེ། ཁ་སག་དང་སྟོང་ཞུས་མ་ཡིན་པར་གསེར་གྱི་མཎྜལ་དང་ཚོགས་ཀྱི་འཁོར་ལོ་སོགས་བླ་མ་ཡི་དམ་མཁའ་འགྲོ་མཉེས་པའི་མཆོད་གཏོར་དང༌། ཡོན་གྱིས་བླུས་པའི་དབང་ལུང་མན་ངག་ཡོངས་སུ་དྲིལ་པས་གསང་སྔགས་གསར་མའི་ཕྱོགས་ལ་རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་དཔའ་ཟུང་བཀའ་བརྒྱ་དང་བཅུ་དྲུག །བྱིན་རླབས་དགུ་བཅུ་རྩ་བཞི། རྗེས་སུ་གནང་བ་བརྒྱ་དང་བདུན་ཅུ་རྩ་བརྒྱད་དེ། སྤྱི་བཀའ་རྣམས་དང་བསྡོམས་པས་དབང་བསྐུར་བ་སུམ་བརྒྱ་དང་ཉི་ཤུ་རྩ་གསུམ། རྗེས་གནང་དྲུག་བརྒྱ་ལྷག་པ། ཁྲིད་བཀའ་བརྒྱ་ཉེར་གཅིག་ཙམ་དང་བཅས་པ། གསང་སྔགས་རྙིང་མའི་ཕྱོགས་ལ་དབང་བརྒྱ་དང་དོན་གཅིག་ཙམ་དང༌། རྗེས་སུ་གནང་བ་སུམ་ཅུ་སོ་གཅིག་ཁྲིད་བཀའ་སུམ་ཅུ་རྩ་བརྒྱད་ཙམ་ཞིག་ལེགས་པར་ཐོས་ཤིང༌། དེ་དག་ཐམས་ཅད་ལ་རང་རང་གི་བརྒྱུད་པ་རིམ་པར་བྱོན་པ་རྣམས་ཀྱི་ཕྱག་ལེན་ཕྲ་རགས། ཐ་ན་རྡོར་དྲིལ་འཛིན་ཚུལ་དང་རྔ་ཚིག་ཚུན་མ་འདྲེས་པར་ལེགས་པར་སྦྱངས། ཕལ་ཆེ་བ་ཞིག་གི་བྲིས་སྐུ་གླེགས་བམ། དབང་ཆས་སོགས་མ་ཚང་བ་མེད་པར་བཞེངས། རང་དོན་དུ་ཐོས་བསམ་སྒོམ་གསུམ་གང་ལྕོགས་དང༌། གཞན་དོན་དུ་འཆད་དང་རྩོམ་པ་གདུལ་བྱའི་འདོད་པ་བཞིན་ངལ་བ་མེད་པར་བགྱིད་བཞིན་པ་འདི་ཡིན་པས། ཐོབ་ཐོབ་ཅེས་བྱ་བའི་མིང་རྐྱང་ཙམ་དུ་མ་ལུས་པའི་ཁུངས་ཡིན་ནོ། །སླད་ནས་ཀྱང༌། ཇི་སྲིད་འཆི་བའི་དུས་ཐ་མར་མ་སླེབ་ཀྱི་བར། དགེ་བའི་བཤེས་གཉེན་བསྟེན་པ་དང༌། ད་ལྟ་བཀའ་མ་ནུབ་པར་བཞུགས་པའི་མདོ་སྔགས་གཏེར་གྱི་ཆོས་ཇི་སྙེད་ཡོད་པ་དེ་དག་མ་ལུས་ཤིང་ལུས་པ་མེད་པ་ཐོབ་པར་འགྱུར་བའི་བསམ་སྦྱོར་སྐོམ་པ་ཆུ་འཚོལ་བ་ལྟ་བུ་འདི་ཉིད་ནམ་ཡང་རྒྱུན་མ་ཆད་པར་བརྩོན་