R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༤
[A:༢༤༤]པ་འདི་ཉིད་ཡིན་ཏེ། ཨ་ཧོ་སྔོན་གྱི་དམ་པ་དེ་དག་གི །དཀའ་བ་དུ་མས་བོད་འདིར་བསྒྱུར་བའི་ཆོས། །སྙན་བརྒྱུད་ཕལ་ཆེར་སྟོན་གྱི་ཆུ་འཛིན་བཞིན། །མཚན་ཡང་ལྷག་མ་མེད་པའི་དབྱིངས་སུ་ཡལ། །འགའ་ཞིག་གྲོང་ཁྱེར་རྙིང་པའི་ཁྲོན་པ་བཞིན། །དིང་སང་དུས་ན་མཚན་ཙམ་ལྷག་མར་ལུས། །གླེགས་བམ་ཕལ་ཆེར་དབུལ་པོའི་གཏེར་བཞིན་དུ། །ས་རྡུལ་ཁྲོད་ནས་མུན་པའི་མལ་དུ་གཟིམས། །དམ་པའི་རྒྱལ་པོ་ཕལ་ཆེར་འདས་གྱུར་ཅིང༌། །གདུལ་བྱའི་འབངས་རྣམས་བཀའ་བཞིན་མི་བྱེད་པར། །ཐོས་བསམ་སྒོམ་པའི་ཁྲིམས་ལ་མཐོང་ཆུངས་པས། །གསུང་རབ་སློབ་དཔོན་ཁྲོས་ནས་གསུང་མི་འབྱིན། །རྒྱུ་དེས་དབང་ལུང་མན་ངག་བཤད་པའི་བཀའ། །ཅུང་ཟད་ལུས་པའང་ཆུ་སྐམ་ཉ་བཞིན་ནམ། །ནམ་གཞུག་ཆད་པའི་མེ་ཏོག་ཇི་བཞིན་དུ། །ལྐོག་མར་སྲོག་ཕྱིན་གྱུར་པ་མ་བཟོད་ནས། །གཞན་རྐྱེན་བསྟན་ལ་དད་པ་ཆེས་ཉུང་ཞིང༌། །རང་རྐྱེན་ཤེས་རབ་སྙིང་རྗེར་མི་ལྡན་པས། །བསྟན་པ་གསལ་བའི་ནུས་པ་མ་མཆིས་ཀྱང༌། །བསྟན་པའི་སེམས་ཁྲལ་ཙམ་དུ་ངས་འདིར་འབད། །དིང་སང་དཔྱོད་ལྡན་མཁས་པ་ཆེས་དཀོན་ཞིང༌། །མཁས་རློམ་ཕལ་ཆེར་ཕྱོགས་རེའི་གྲུབ་མཐས་ཁེངས། །རིས་མེད་ཆོས་ལ་དད་པའང་མ་མཐོང་ན། །མཐའ་ཡས་དམ་ཆོས་འཚོལ་བའི་སྐལ་པ་ཅི། །འབྱོར་ལྡན་ཕལ་ཆེར་བླུན་པོའི་རྐང་པ་འཛིན། །འགའ་ཞིག་གྲགས་འདོད་སྨིག་རྒྱུའི་རྗེས་སུ་འབྲང༌། །ཕལ་ཆེར་ལྟོ་གོས་སྒྲུབ་པས་རྣམ་པར་གཡེང༌། །མཁས་བླུན་འབྱེད་པའི་མིག་ལྡན་ཉིན་སྐར་མཚུངས། །གྲོགས་དག་དལ་འབྱོར་འདི་ནི་གཡོ་བ་