R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༥
[A:༢༤༥]དང༌། །སླུ་མེད་སྐྱེ་བོ་དམ་པ་འཕྲད་པར་དཀའ། །ཐུབ་བསྟན་ཉིན་བྱེད་འདིའང་ནུབ་ཉེ་བས། །མྱུར་དུ་དམ་ཆོས་བཙལ་ན་མི་ལེགས་སམ། །དེ་ཕྱིར་ཉིན་མཚན་ངལ་བ་ཡོངས་སྤངས་ཏེ། །དེ་བཞིན་གཤེགས་པའི་བསྟན་ལ་རབ་གུས་པས། །དེ་ལྟར་དཀའ་བས་དམ་པའི་ཆོས་བཙལ་ནས། །དེ་ཉིད་རྟོགས་པའི་ཐབས་ལ་འབད་འཚལ་ལོ། །ཟང་ཟིང་བདེ་སྐྱིད་མཆིང་བུས་མི་མགུ་བར། །དད་བརྩོན་གཏོང་ཕོད་གྲུ་རྫིངས་ཆེར་བསྐྱེད་དེ། །རིས་མེད་དམ་པའི་ཆོས་ཚུལ་རྒྱ་མཚོ་ཆེར། །ཐོགས་མེད་འཇུག་པར་ནུས་པ་དེ་སུ་ཡིན། །དེ་ལྟར་ཐོས་པ་ཙམ་གྱིས་མི་ཕན་དེའི་དོན་ཉམས་སུ་མ་ལོངས་ན་མཚོ་གཏིང་གི་རྡོ་བ་བཞིན་ནམ་རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་དང་མཚུངས་པ་གསུངས་འདུག་པས་རྣམ་གཡེང་ཐམས་ཅད་སྤངས་ནས་མི་མེད་ཀྱི་ལུང་སྟོང་ཞིག་ཏུ་གྲོགས་མེད་གཅིག་པུར་སྔོ་དང་རྡེའུ་ཟ་ཞིང་འཆི་བ་སྒུག་སྡོད་བྱེད་སྙམ་པ་ལན་གཅིག་མིན་པར་བྱུང་ནའང༌། བྱིས་པའི་དུས་སུ་བསམ་མེད་རྩེད་མོས་གཡེངས། །དར་ལ་བབ་ཚེ་གཞན་ངོ་བསྲུང་ནས་གཡེངས། །རྒས་ཚེ་གཞན་དོན་ལྟར་སྣང་ཁུར་གྱིས་གཡེངས། །བླུན་པོ་བདག་ལ་དལ་བའི་གོ་སྐབས་ཅི། །ཤས་ཆེར་སྙོམས་ལས་ལེ་ལོའི་ངང་དུ་སོང༌། །ཀུན་རྨོངས་གཉིད་ཀྱི་མུན་པས་ཉེ་བར་འཐིབས། །དགོས་མེད་ཟིང་ལོང་མང་པོས་མདུན་ནས་འཁྱུད། །སྙིང་མེད་བདག་ལ་གལ་ཆུང་ཆོས་སུ་མཆིས། །དེས་ན་བློ་ཁ་རྫོགས་པའི་འཆི་ཆོས་གཤའ་མ་ཞིག་མ་གྲུབ་མོད། འོན་ཀྱང་སྔར་བཤད་པ་ལྟར་ལྷག་པའི་ལྷའི་བསྙེན་པ་ཡང་ཅུང་ཟད་སོང་ཞིང༌།