R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༦
[A:༢༤༦] དུས་རྒྱུན་དུའང་རྗེ་བཙུན་ས་སྐྱ་པའི་ཐུགས་དམ་གྱི་སྙིང་པོ་ཆག་མེད་བཞི་ཞེས་གྲགས་པའི་ལམ་ཟབ་ཕྱི་ནང་དབང་བཞིའི་ལམ་སྟན་ཐོག་གཅིག་ཏུ་ཉམས་སུ་བླངས་པའི་མན་ངག་སྔོན་དུ་འགྲོ་བའི་ལམ་བསྡུས་དལ་དུས་ཐུན་བཞི་དང༌། ཤིན་ཏུ་བྲེལ་ཚེ་ཐུན་གཉིས་མ། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། བིར་བསྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ། ནཱ་རོ་མཁའ་སྤྱོད་རྣམས་ཐུན་རེ། འཁོར་ལོ་སྡོམ་པ་ལོ་ནག་དྲིལ་གསུམ་གང་འོས་རེ་མོས་དང༌། གསང་འདུས་མི་བསྐྱོད་པ། གཤེད་དམར་ལྷ་ལྔ། བདེ་ཆེན་རལ་གཅིག །ཕྱག་རྡོར་གཏུམ་ཆེན། ཡང་ཕུར་གཉིས་རྣམས་ལོང་སྐབས་དང་བསྟུན་པའི་དཀྱིལ་འཁོར་རྫོགས་པའམ། གཙོ་རྐྱང་གི་མངོན་རྟོགས་བཟླས་པ་དང་བཅས་པ། ཕྱག་རྡོར་ཨུ་ཙ། སྒྲོལ་དཀར། འོད་ཟེར་ཅན། ཚེ་དཔག་མེད། གཟུངས་གྲ་ལྔ་རྣམས་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་ཐུན་བཞི། གུར་གྱི་བྲག་རྫོང་མ་ནང་ཁྲིད་དང་བཅས་པ་བྲུལ་གཏོར་དང༌། བསིལ་གཏོར། ཆ་གསུམ་སོགས་འཆག་མེད་ཀྱི་ཁུངས་ཁ་ཅིག་བྱེད་ཀྱི་ཡོད་ལ། རྗེ་བླ་མ་རྡོ་རྗེ་འཆང་ཡབ་སྲས་ལས་གང་ཐོབ་པའི་ཟུར་བཀའ་བླ་མེད་འདི་རྣམས་སྐུ་དྲིན་བསབ་ཕྱིར་རེ་རེ་ལའང་སྒྲུབ་མཆོད་བརྒྱ་ཚར་རེ་དང༌། བླ་ཆེན་ཐུགས་རྗེ་ཅན་དེའི་ཐུགས་དམ་གྱི་སྙིང་པོ་འཇིགས་བྱེད་བཅུ་གསུམ་མ་འདི་སྟོང་ཚར་གཅིག་ཨེ་ཐུབ་སྙམ་དམ་བཅའ་འགྱིས་མོད། དེ་སྔ་ཕན་ལ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བདག་འཇུག་བརྒྱ་ཚར་གསུམ། དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བདག་འཇུག་བརྒྱ་དང་ཉི་ཤུ་རྩ་བཞི། བདེ་མཆོག་ལཱུ་ཧི་པ་བརྒྱ་དང་དྲུག་ཅུ་རྩ་ལྔ། བདེ་མཆོག་དྲིལ་བུ་ལུས་དཀྱིལ་ལྔ་བཅུ་རྩ་ལྔ་རྡོ་རྗེ་འཇིགས་བྱེད་བཅུ་