R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤
[A:༢༤]ལུགས་གཉིས་དཔལ་འབྱོར་གྱིས། །དགྱེས་བཞིན་དག་པའི་ཞིང་དུ་བྱོན་ལགས་མོད། །ཤུལ་དུ་ལུས་པའི་བུ་བརྒྱུད་འདི་རྣམས་ལའང༌། །ད་དུང་ཐུགས་རྗེའི་སྤྱན་རྒྱང་གཟིགས་སུ་གསོལ། །དེ་ལྟ་བུའི་སྐུ་མཆེད་གཉིས་ཀྱི་ཁབ་ཏུ་སེ་སྟོན་དཔལ་ཆེན་འབུམ་དང་ཉི་མ་བཟང་པོ་སོགས་ཡང་ཕུར་གཤིན་རྗེ་དང་བཅས་པའི་ཞལ་གཟིགས་ཤིང༌། དམ་ཅན་བྲན་བཞིན་དུ་འཁོར་བའི་སྔགས་འཆང་ཟམ་མ་ཆད་པར་བྱོན་པའི་གདུང་བརྒྱུད་འདར་ཆོས་རྫོང་པ་ཞེས་གྲགས་པའི་ས་སྐྱོང་དབང་པོ། དཔལ་ལྡན་ས་སྐྱ་པའི་དཔོན་དོན་ཡོད་རྣམ་རྒྱལ་ཞེས་བྱ་བའི་སྲས་མོ་ཚེ་བརྟན་བུ་འདྲེན་ཞེས་བྱ་བ་བུད་མེད་ཀྱི་སྐྱོན་བརྒྱད་སྤངས་ཤིང༌། ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ། ཕོངས་པ་དང་སྡུག་བསྔལ་བ་དང་མགོན་མེད་པ་ཐམས་ཅད་ཀྱི་མར་གྱུར་པ། སྐྱེ་བོ་རྣམས་ཀྱི་མ་འདྲེས་པའི་མཛའ་ཤེས། བྱིས་པའི་དུས་ནས་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་དང༌། ཟུར་ཚེ་བདག་ཆེན་ཤཱཀྱ་གཤིན་རྗེ། འཇིམས་ཆེན་ཀུན་དགའ་སྙིང་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་དམ་པ་དུ་མ་བསྟེན་ནས་ཆོས་ཚུལ་དུ་མ་ཐོབ་ཅིང༌། ཁྱད་པར་རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པའི་ཞབས་ལ་མི་ཕྱེད་པའི་དད་པ་མངའ་བས་ཅི་མཛད་དེ་ཕྱོགས་སུ་གཏོང་བ། རྗེ་བཙུན་ལྕེ་སྟོན་པཎ་ཆེན། མཁན་ཆེན་ཐམས་ཅད་མཁྱེན་པ། འཁྲུལ་ཞིག་ཀུན་དགའ་ཆོས་ལྡན་རྣམས་ལས་གདམས་པའི་སྙིང་པོ་ཐོབ་ནས་ཐུགས་ཉམས་སུ་བཞེས། དཔལ་གུར་གྱི་མགོན་པོའི་ཡི་གེ་བདུན་པ་ས་ཡ་གསུམ་སོང་ཞིང་རྗེས་སུ་བཟུང་བའི་མཚན་མ་ཡང་ཐོབ། ནཱ་རོ་མཁའ་སྤྱོད་ཀྱི་ཐུགས་དམ་ཆག་མེད་དུ་མཛད་པས་མནལ་