R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༤]དབུས་བཞུགས་སུ་གསོལ། །མཐུ་སྟོབས་ཉི་འོད་བདུད་དཔུང་མུན་པའི་གཤེད། །དངོས་གྲུབ་འོད་དཀར་སྐལ་བཟང་ཀུ་མུད་གཉེན། །དྲན་པས་གདུང་སེལ་ཁྲག་འཐུང་ཡང་ཕུར་ཞེས། །ཉི་ཟླ་ལྟར་གྲགས་དེ་ཡིས་གཟིགས་སུ་གསོལ། །མཁའ་ཁྱབ་ཆོས་དབྱིངས་ཡེ་ཤེས་ཞི་བའི་ངང༌། །དམིགས་མེད་ཐུགས་རྗེས་རབ་ཁྲོས་ཁྲོ་བོའི་གར། །སྙིང་གི་མུན་སེལ་རྗེ་བཙུན་འཇམ་པའི་དབྱངས། །ལྷ་མཆོག་ཁྱོད་ཀྱིས་ད་དུང་མ་གཏོང་ཞིག །དགྱེས་མཛད་ཁྲོས་པའི་མཁའ་དབྱིངས་ལས་འོངས་ཤིང༌། །རྨད་བྱུང་མཐུ་སྟོབས་ཟེར་འཕྲེང་བྱེ་བ་བརྒྱས། །བདུད་དཔུང་མུན་པ་མཐར་བྱེད་ནག་པོ་ཆེ། །ལྷ་མཆོག་ཉིན་མོའི་མགོན་པོས་བདག་ལ་སྐྱོངས། །མདོར་ན་རྩ་བརྒྱུད་བླ་མ་ཐམས་ཅད་དང༌། །རབ་འབྱམས་རྒྱལ་བ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་བཅས། །སྐྱབས་གནས་མཆོད་འོས་ཀུན་ལ་ཕྱག་བཙལ་ཏེ། །སྔོན་བྱོན་དམ་པ་འགའ་ཡི་རྗེས་ཞུགས་ནས། །བདག་གི་རྟོགས་བརྗོད་སྒྲོ་སྐུར་སྤངས་པའི་གཏམ། །དད་ལྡན་གུས་པའི་ཞལ་ངོ་མ་ཆོགས་པར། །ཅུང་ཟད་འཛེམ་པ་སྤངས་ཏེ་བྲི་བར་བྱ། །སྐྱོན་མེད་དལ་འབྱཽར་ལུས་བཟང་ཐོབ་ཀྱང་ཕལ་ཆེར་མི་ཁོམ་དབང་དུ་སོང༌། །ཤཱཀྱའི་སྲས་ཀྱི་རྗེས་སུ་ཞུགས་ཀྱང་ཤཱཀྱའི་གསུང་ལ་རྒྱབ་ཀྱིས་ཕྱོགས། །ཡོངས་འཛིན་དམ་པ་ཇི་སྙེད་བསྟེན་ཀྱང་དམ་པའི་བྱིན་རླབས་ཆེར་མ་ཞུགས། །ཟབ་རྒྱས་དམ་ཆོས་དཔག་མེད་ཐོབ་ཀྱང་ཕལ་ཆེར་མིང་རྐྱང་ཙམ་དུ་བས། །དེ་སླད་ས་ཆེན་རྡུལ་དང་རིན་ཆེན་བཞིན། །བདག་སྐྱོན་མཐའ་ཡས་ཡོན་ཏན་སྲིད་པ་ཙམ། །ཅུང་ཟད་མཆིས་ནའང་སྙིང་པོ་མ་མཐོང་ན། །ཡི་གེའི་ངལ་བ་འདི་འདྲས་ཅི་ཞིག་བགྱི། །འོན་ཀྱང་ཚུལ་འདིས་བསྟན་ལ་མི་ཕན་མོད། །རྣམ་ཀུན་གནོད་པར་མི་ནུས་དེ་བསམས་ནས། །རྐུན་པོའི་ནོར་བཞིན་