R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༥]སྐྱོན་རྣམས་སྦས་ནས་ནི། །འབད་པས་ཡོན་ཏན་གང་ཡོད་འདྲི་བར་བགྱི། །ཨེ་མ་ཧོཿ དེ་ལ་གཙང་སྟོད་བོ་དོང་ཨེར་ཆོས་ལྡན་རྒྱལ་པོའི་རིགས་སུ་སྐྱེ་བ་བླངས་ནས། སྐྱེས་བུ་དམ་པ་མང་པོ་དང༌། ཆེས་མཆོག་ཏུ་སྐུ་དྲིན་ཆེ་བའི་དབང་པོར་གྱུར་པ་ཆོས་རྗེ་སྒོ་རུམ་པ་ཆེན་པོ་ཡབ་སྲས་གསུམ་གྱི་སྐུ་དྲིན་ལས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དང་བ་དང༌། ཤེས་པ་དང༌། ཡིད་ཆེས་པའི་དད་པ་ཐོབ་པའི་མཐུས། རིས་མེད་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་ནུས་པའི་དཔའ་བོ། རིག་པ་འཛིན་པ་མཁྱེན་བརྩེའི་དབང་ཕྱུག་ཅེས་བགྱི་བ་བདག་གིས། ལོ་བརྒྱད་ལོན་པ་ན་རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོའི་ཞབས་ལས་རབ་ཏུ་བྱུང་བ་ནས་བཟུང་སྟེ། དེང་སང་གི་བར་དུ་བླ་མ་དམ་པའི་སྐུ་དྲིན་ལས་རྙེད་པའི་ཡོན་ཏན་ནི་ཅུང་ཟད་ཙམ། སོ་སོ་སྐྱེ་བོའི་རང་བཞིན་ངན་གོམས་ཀྱི་སྐྱོན་ནི་མཐའ་ཡས་པ་ཞིག །ཉུང་ངུར་གྱུར་པའི་རྟོགས་བརྗོད་དག་ཀྱང་བརྗོད་པ་ལ་དགོས་པ་དང༌། མ་བརྗོད་པ་ལ་སྐྱོན་དུ་འགྱུར་བ་སོགས་ནི་ཅི་ཡང་མེད། དེ་ལྟ་ནའང་སྣང་བ་གདོང་འདེད་གཞིར་བཞག་ནས། ད་ལྟར་གྱི་ཤེས་པ་ལ་གང་ཤར་དེ་སྦས་གྱིབ་མེད་པར་ཆོལ་ལེ་སྨྲས་གཏོང་བ་ང་རང་གི་སྲོལ་ཡིན་པ་ལྟར། འགའ་ཞིག་གི་ངོར་ཆེ་ལོང་ཞིག་སྨྲས་པ་འདི་ལ་དགྱེས་པ་ཡོད་ན་ཡང་ལེགས། མི་དགྱེས་པ་ཡོད་ན་ཡང་ལེགས། གང་བྱུང་ཀྱང་ལེགས་པ་སྤྲང་པོའི་ཆལ་གཏམ་ཆེན་མོ་ཞེས་བྱ་བ་འདི་ལྟ་སྟེ། གང་ཞིག་བླ་མ་དམ་པ་བསྟེན་པ་དང༌། །ཟབ་དགུའི་གདམས་པ་རྒྱ་མཚོ་ཐོས་པ་དང༌། །ལས་འཕྲོ་སྨོན་ལམ་ཐུགས་རྗེའི་འཕྲོ་འཐུད་པས། །ངོ་མཚར་གཏམ་གྱི་སྣང་བརྙན་མང་དུ་སྣང༌། །མ་རིག་མུན་ཐིབས་