R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༢
[A:༥༢]མོད། སེམས་མ་འཁྲུལ་བ་བགྱིས་ལ་ཉོན། དཀའ་བའི་གནས་སུ་ངས་ལབས་པ་འདི་ཚོའང་མ་བརྗེད་པ་གྱིས་གསུང་པ་དང༌། སྐབས་འགར་ང་ཁྱོད་ལ་རེ་ཆེན་པོ་ཞིག་ཡོད་དེ་གསུང་ཐུགས་ཆད་དེ་བའི་གསུང་ཡང་བྱོན་ནས་མདོར་ན་ལན་ཅིག་མ་ཡིན་པར་ལེགས་པའི་ལམ་ལ་སྦྱར་བ་འདི་གཅིག་པུའི་སྐུ་དྲིན་ལའང་ཁྱེར་ཐབས་མི་གདའ། ཨ་ཧོ་སྲིད་ལམ་དུབ་པའི་མགོན་མེད་བདག །བདག་ཉིད་ཆེན་པོ་ཁྱོད་ཀྱི་སྐུ་དྲིན་ལས། །ལས་བཟང་ཟབ་ལམ་སྒོམ་པའི་སྐལ་བར་ལྡན། །ལྡན་གྲོལ་ཅན་དུ་བྱེད་པའི་རང་དབང་ཐོབ། །ཐོབ་ཀྱང་ངན་གོམས་དབང་དུ་སོང་བ་བདག །བདག་ཉིད་ཆེན་པོ་ཁྱོད་འདྲའི་དྲུང་དུ་ཡང༌། །ཡང་དག་མ་ཡིན་སེམས་ཀྱི་གྱ་གྱུ་དང༌། །དང་པོའི་ལྷ་ཡིས་བྱིན་རླབས་གཉིད་རྨུགས་འཐིབས། །འཐིབས་ཏེ་གཏམ་རྒྱུད་སྙན་པོས་སེམས་རབ་ཡེངས། །ཡེངས་ཚེ་སེ་གོལ་སྒྲ་ཡིས་གཅིག་ཏུ་གཅུན། །གཅུན་ཀྱང་ཡར་བསྐྱེད་མེད་པའི་ཐ་ཤལ་སེམས། །སེམས་ཅན་དུད་འགྲོའི་ཁྱུ་རུ་གཏོགས་ལ་ཁད། །གཞན་ཡང་དེའི་ལོ་དཔལ་སྡོམ་པ་ཆེན་པོ་དང༌། གསང་བ་འདུས་པ་འཇམ་རྡོར་ས་ལུགས། མཁའ་འགྲོ་རྒྱ་མཚོ་སོགས་ཟུར་བཀའ་མང་པོ་དང༌། རྡོ་རྗེ་འཕྲེང་བ་དང་ཀྲྀ་ཡ་བསྲེས་པའི་དབང་ལ་སོགས་པ་དབང་མང་པོ། ཕྱག་རྡོར་གོས་སྔོན་ཅན་དང༌། རྡོ་རྗེ་ཤུགས་སོགས་རྗེས་གནང་མང་པོ། བརྟག་གཉིས་འགྲེལ་པ་སྐོར་གསུམ་སོགས་ལུང་མང་པོ་སྟེ། མདོར་ན་ཟླ་བ་བཅུའི་བར་ཉིན་རེ་བཞིན་བར་མ་ཆད་པར་གསུང་ཆོས་ཀྱི་སྐུ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ། སྦྱོར་དྲུག་