R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༤
[A:༥༤]བསགས་པའི་ལས་ངན་ཚོ་ལ་འདེད་དགོས་རྒྱུར་འདུག་ནའང་མནོ་བསམ་དྲག་ཤོས་རྗེས་སུ་ལས། རྟབ་རྟབ་ལ་ལུང་མ་བསྟན་རེ་བྱས་འགྱོད་ཀྱང་རྒྱུགས་ཐེབས་མེད་པ་ཁོ་ན་ཡོང་བ་འདི་སྤྲ་ཆལ་ལ་སྤུ་སུད་པའི་སྤྲེའུའི་གྲོགས་མཆེད་རྣམས་ཀྱི་ཁྱད་ཆོས་སུ་འདུག་པ་བཞིན་སྔར་ཡང་མང་པོ་བྱུང་མོད། དེས་མི་ཐུབ་ད་དུང་ཡོང་ཟེར་བའི་མོ་ངག་གི་ཚན་དུ་གདའ། ལོ་དེའི་མཇུག་ལ་ཉང་སྟོད་བསམ་སྡིངས་ནས་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་ལྕེ་སྟོན་པཎ་ཆེན་རིན་པོ་ཆེ་སྡེ་པ་ནས་སྤྱན་དྲངས། བདག་གི་བླ་མ་དེ་ལ་གསུང་ཆོས་གསན་པ་དང་སྒོ་བསྟུན་དགྱེས་བཞིན་དུ་ཕེབས་བྱུང༌། དེའང་བླ་མ་འདི་པ་བོད་ཡུལ་གྱི་སྔགས་འཆང་ཐམས་ཅད་ཀྱི་དབུས་ན་ཉི་ཟླ་ལྟར་གསལ་བ་ལྕེ་ཐམས་ཅད་མཁྱེན་པ་མདོ་སྡེ་སེང་གེ་ཞེས་བྱ་བ་རྒྱུད་སྡེ་བརྒྱ་རྩ་བརྒྱད་ལ་མཁས་ཤིང་གྲུབ་པ་དེས་འ་ཞྭའི་ཕ་མེས་ཞུ་འབྲོག་ཨ་མེས་ཆེན་པོའི་བླ་མ་མཛད། སྐུ་དྲིན་བསམ་གྱིས་མི་ཁྱབ་པས་སྐྱབས་པ་ནས་བཟུང༌། གདུང་རབས་དགུའི་བར་བླ་རབས་མཆོད་རབས་ཟམ་མ་ཆད་པར་བྱོན་པའི་བླ་མ་དྲིན་ཆེན་གྱི་བརྒྱུད་པ་ཞིག་ཡིན། རྗེ་འདི་ཉིད་ཀྱང་ངེས་པར་གྲུབ་པའི་དབང་ཕྱུག་རྩོད་མེད་ཅིག་ལགས་པ་ལྟར། ངེད་རང་ཡོན་མཆོད་ཀྱི་ཕ་ཆོས་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ལྷ་ཉེར་གཅིག་གི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པ་དང༌། ཚེ་དཔག་མེད་ལྕམ་ལུགས། ནག་པོ་ཆེན་པོ་ལྷ་ཆེན་དཔལ་འབར་གྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་མན་ངག་