R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༥
[A:༥༥]གི་ལུང་ཕལ་ཆེ་བ་དང་བཅས་པ་སོགས་གསུང་ཆོས་ཁམས་ཆེན་པོ་ཉུང་ངུ་ཞིག་ཐོབ། ལོ་བཅུ་བདུན་དུ་སླེབ་པའི་ཟླ་བ་དང་པོ་དེའི་ནང་དུ་བདེ་གསལ་མགོན་ཁང་དུ་མཚམས་བྱས། ལྷ་ཆེན་པད་གདོང་མའི་བསྙེན་པ་ཞིག་བྱས་པ་ཡིད་ཆེས་པོ་ཞིག་བྱུང་བ་ཡིན། ཨ་ཧོ་གྲུབ་པའི་རིགས་སུ་སྐྱེས་ཙམ་གྱིས། །ནག་པོའི་མཚན་མ་ཕལ་ཆེར་རྫོགས་འགྱུར་ན། །བླ་མའི་ལུང་གིས་ལེགས་པར་མངའ་གསོལ་ཚེ། །འཕྲིན་ལས་ཁ་ལོ་སྒྱུར་བར་ཅིས་མི་འགྲུབ། །དཔལ་ལྡན་འ་ཞྭ་ཡེ་ཤེས་གཡུང་དྲུང་ནས། །འ་ཞྭ་མཐུ་ཆེན་མགོན་པོ་རིན་ཆེན་འབར། །ཞལ་མཐོང་གསུང་ཐོས་དགྲ་བགེགས་ཆོམ་ལ་ཕབ། །གྲུབ་པའི་ལག་རྗེས་གསལ་པ་ཁོ་ན་ཡིན། །ཁྱད་པར་ཕ་རྒན་གྲུབ་པའི་དབང་ཕྱུག་དེས། །ལན་ཅིག་མིན་པར་ཞལ་གཟིགས་བྲན་དུ་བཀོལ། །ཐུགས་ཀྱིས་བརྩེ་བའི་བྲན་ཁོལ་རྣམས་ཀྱིས་ཀྱང༌། །ལྷ་འདིའི་ཆོ་འཕྲུལ་མཐོང་བ་མང་དུ་བྱུང༌། །ཕ་དེའི་གདུང་གི་ཐིག་ལེ་ལས་སྐྱེས་ཤིང༌། །ཕ་རྒོད་བླ་མས་ཡང་ཡང་བཀའ་བསྒོས་པས། །ཕ་ནོར་བུ་ཡི་སྤྱོད་པ་འོས་ཡིན་ཞེས། །ཕ་མེས་བརྒྱུད་པའི་ལྷ་འདིས་ཁོ་བོ་བསྐྱངས། །འདི་ལ་གཏམ་གྱི་སྦྱོར་བ་འགའ་ཡོད་ཀྱང༌། །འདི་ན་གསལ་བར་སྨྲ་བའི་སྣོད་མ་རྙེད། །འདི་དང་མཚུངས་པའི་གསང་བའི་གཏམ་ཕལ་ཆེར། །འདི་བཞིན་ནམ་མཁའི་དབྱིངས་སུ་ཕཊ་ཅིག་རྒྱོབ། །ད་དུས་འབྱུང་བའི་རིགས་ཀྱི་དཔོན་རྣམས་ཀྱང༌། །ཁས་ཕྱུག་གང་ཆེའི་རྗེས་