R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༦]ལས་ངན་འཆིང་བ་དམ། །ཉོན་མོངས་ཤུགས་དྲག་གཉེན་པོའི་གོ་ཆ་ངན། །དུས་ངན་མཐའ་འདིར་རྐྱེན་ངན་མང་ཆེན་པས། །ཡི་མུག་གཏམ་གྱི་གླེང་རྒྱུ་བརྗོད་ལས་འདས། །རང་སེམས་ཅོལ་ཆུང་གྲོང་འདབས་གཡེང་བ་མང༌། །ལེ་ལོས་དུས་འདས་གཉིད་ཀྱི་དབང་དུ་སོང༌། །བར་མའི་རྐྱེན་གྱིས་རང་སེམས་ཁ་ཁྲིད་པས། །བཏང་སྙོམས་འདི་ཡིན་མེད་ཀྱང་ཤིན་ཏུ་མང༌། །དེ་ལ་བདག་དད་པ་དང་ཤེས་རབ་ཏུ་ལྡན་པས་བླ་མ་དམ་པ་བསྟེན་པ་སོགས་མཁས་པ་དགའ་བ་བསྐྱེད་ཐུབ་པའི་བྱ་བ་ཡང་རེ་མང་བགྱིས། སྐྱིད་ཆོས་ངན་ལང་མ་ཐོན་པའི་བག་མེད་ཀྱི་སྤྱོད་པ་གཞོན་པ་འདོད་སྲེད་ཅན་ཁ་གཅིག་ལ་འགྲན་སྡོ་བ་འདྲ་བ་ཡང་མང་པོ་བདོག །འདི་ཡིན་ཅི་ཡང་མེད་པའི་ཕྱོ་མ་ལིང་བྱིས་པ་མནོ་མི་ཤེས་པ་ཐལ་རྩེད་ལ་ཡེངས་པ་འདྲ་བ་ནི་བསམ་གྱིས་མི་ཁྱབ། དེ་དག་གི་སྐབས་སུ་དགའ་བ་དང་སྐྱིད་པོ་བྱུང་བ་ལ་བསམས་ན་ནམ་ལངས་པའི་ཁར་ཉི་མ་ཤར་བ་ལྟ་བུ། སྡུག་པོ་བྱུང་བ་བསམས་ན་སྙིང་རླུང་ལྡང་ལ་ཁད་པ་མང་པོ་མྱོང་སྟེ། ཐམས་ཅད་དྲན་པའང་མི་གདའ། དྲན་ཚད་བྲིས་ཀྱང་ཐང་ཆད་ལ་སྣག་ཤོག་གཟན་པ་ལས། འདི་བྱེད་ཅི་ཡང་མེད་པ་འདྲ་ཞིང༌། དམ་པ་གཞན་ཚོའི་རྣམ་ཐར་དུ་འདས་མ་འོངས་ཐམས་ཅད་ལེགས་པར་བྲིས་ཡོང་གིན་འདུག་ནའང༌། བདག་གིས་ན་ནིང་བྱས་པ་ཚོ་ད་ལོ་མི་དྲན་པ་གདའ་བས། སྐྱེ་བ་སྔ་མ་ཕན་ཅི་འདྲ་ཡིན། གང་འདྲ་བྱས་དྲན་པའི་ནམ་མི་གདའ། སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས། སྔ་མ་གང་བྱས་རང་གི་ལུས་ལ་ལྟོས། །ཞེས་གསུངས་འདུག་པས། སྐྱེ་བ་སྔ་མ་དེས་མི་དགེ་བ་ཁམ་ཆེན་རང་མ་བྱས་ཙམ་ཞིག་ཡིན་པ་འདྲ་སྙམ་པ་ནི་ཡོང་གིན་འདུག །དེས་མཚོན་མ་འོངས་པའི་ཆའང༌། བླ་མ་ཡབ་སྲས་ཀྱི་