R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༧]ཐུགས་རྗེ་ལ་བསམས་ན་ཨ་ཐོ་ཡོད་ལ་རེ། ང་རང་གི་བྱེད་ལུགས་ལ་བལྟས་ན་དམྱལ་བ་ལས་འོས་མི་གདའ་བས། གང་འདྲ་འཆར་རམ་བསམ་པའི་ཐེ་ཚོམ་མེ་བ་འདི་ག་མ་གཏོགས། ད་ལྟ་གདེངས་ཁེལ་བ་ཞུ་རྒྱུ་མི་གདའ། ད་ལྟ་བ་རང་ཉིད་སྐྱེ་བ་བླངས་པ་ནས་བརྩམས་ཏེ། རང་ལོ་སུམ་ཅུ་རྩ་བརྒྱད་ཕན་གྱི་གནས་ཚུལ་སྒྲོ་མ་བཏགས། སྐུར་པ་མ་བཏབ་པར། ཇི་ལྟར་གནས་པའི་ཡོན་ཏན་གྱི་ཆ་རྣམས་མདོ་ཙམ་ཡི་གེར་འདྲི་བ་ལ། སྐྱོན་ཅི་ཡང་མེད། ཡོད་ནའང་ཡོད་དུ་ཆུག །སྤྲང་པོ་ཁ་འཆལ་འདོན་པའི་ཁ་སུས་ཀྱང་དགག་པར་ནུས་པ་མ་ཡིན་ནོ། །ཨེ་མ་ཧོ། རྒྱལ་བ་ཀུན་དངོས་ཚར་ཆེན་ཆོས་ཀྱི་རྗེས། །རྗེས་སུ་བཟུང་ནས་ཆོས་ཀྱི་རྒྱལ་སྲིད་ལ། །དབང་སྒྱུར་སྔགས་འཆང་དབང་པོ་མཁྱེན་བརྩེའི་དབང༌། །དཔལ་ལྡན་སྐལ་པ་བཟང་པོ་འདི་ན་དགེ །བསྐྱེད་རིམ་གདེངས་ཀའི་དབང་ཕྱུག་གིས་བསྐྲུན་ཞིང༌། །རྫོགས་རིམ་སྤྲིན་སྔོན་གསར་པའི་ཕྲེང་བ་ལས། །བཟླས་བརྗོད་འབྲུག་སྒྲ་བྱེ་བའི་སྒྲ་དབྱངས་ཀྱིས། །དངོས་གྲུབ་ནོར་བུའི་ཆར་རྒྱུན་འབེབས་ལ་དབང༌། །ཐོག་མེད་འཁོར་བར་ཟོ་ཆུན་འཕྱན་པ་བཞིན། །མཐོ་དམན་འབྱོར་རྒུད་འདུས་རྟེན་ཇི་སྙེད་བླངས། །དེ་དག་ཕལ་ཆེར་དོན་མེད་དོན་ལོག་དང༌། །དོན་ཆུང་བྱ་བ་སྒྲུབ་པ་ཁོ་ནར་སོང༌། །ད་ལམ་སྔོན་གྱི་སྨོན་ལམ་ཐུགས་རྗེའི་མཐུས། །སྐྱོན་མེད་རྡོ་རྗེ་ཐེག་པའི་དལ་འབྱོར་ཐོབ། །མཚན་ལྡན་དམ་པ་དུ་མའི་དྲིན་གྱིས་བསྐྱངས། །བསམས་ན་བདེ་ཞིང་སྐྱིད་པའི་ཚད་དུ་སྣང༌། །དེ་ཡང་དངོས་པོའི་གནས་ཚོད་ལ་རང་རེས་གྲུལ་བཏུབ་མི་བཏུབ་གཙོ་བ་མ་གཏོགས། རིགས་བརྒྱུད་བཟང་པོ་ཡིན་པས་དགའ་བའི་ངེས་པ་མི་གདའ་