R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༩
[A:༧༩]ཁས་ལེན་བྱས་པས་སྣང་བ་རང་སེམས་ཀྱི་རྟེན་འབྲེལ་གྱིས་ཕན་པར་བྱུང༌། ཕ་གིར་སྡོད་པའི་རིང་ལྷ་མོའི་གཏོར་ཁང་དུ་མཚམས་དམ་པོ་བྱས་མགོན་པོའི་བསྙེན་པ་ཁ་གསོ་དང༌། ལྷ་མོའི་གཞི་བསྙེན་ཅིག་བྱས་པ་ཡིད་ཆེས་པར་བྱུང༌། མདོས་བསྐང་རྒྱས་པ་ཚར་གཅིག་ཀྱང་ཕུལ། ཉེ་བར་བརྟེན་ན་སླུ་མེད་ལྷ་འདི་ཡིས། །ཉེ་བར་བསྐུལ་ནས་གྲུབ་པའི་བསྟི་གནས་སུ། །ཉེ་བར་སླེབ་ཚེ་ཆོས་ལྡན་རྒྱལ་པོ་དེས། །ཉེ་བར་མཆོད་ཅིང་བཀུར་སྟི་ཕུད་དུད་མཛད། །གྲུབ་པའི་སློབ་དཔོན་པདྨས་བྱིན་རླབས་ཤིང༌། །གྲུབ་བརྙེས་ལ་ཞྭའི་གདུང་གིས་བརྟེན་པའི་གཞི། །གྲུབ་པའི་གནས་འདིར་བདེ་སྐྱིད་དཔལ་འབྱོར་དང༌། །གྲུབ་དབང་གཉིས་ལས་གདམས་པའི་དཔལ་འབྱོར་ཐོབ། །ཡ་མཚན་འབུར་དུ་དོད་པའི་བྲིས་སྐུའི་དྲུང༌། །དགེ་མཚན་གོང་འཕེལ་ཡོང་བའི་ངོ་མཚར་མཐོང༌། །དུས་མཚན་ལྷ་མོ་གནས་པའི་ཕོ་བྲང་དུ། །རྟགས་མཚན་གཞུང་དང་མཐུན་པའི་བསྙེན་པ་བྱས། །དེ་ནས་བོ་དོང་དུ་ཕྱིར་འོངས། དེར་ཡང་སེར་སྦྲེང་གཞི་ལེན་སོགས་བཀུར་སྟི་ཕུད་དུད་ཕུན་སུམ་ཚོགས་པར་གནང༌། བདག་གི་བླ་མ་དམ་པ་དེ་ལས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྦྱོར་རྩ་མའི་ཁྲིད་དང༌། སྐྱེ་མེད་དོ་པའི་ལུགས་ཀྱི་གཅོད་ཁྲིད་ཅིག་ཞུས། སླར་བོ་དོང་བླ་བྲང་དཀར་པོར་ཕྱིན་དགུན་ཆོས་ཆོ་འཕྲུལ་གྱི་སྨོན་ལམ་སོགས་ཀྱང་སྲོལ་ཇི་ལྟ་བར་བྱས། བདག་གི་བསམ་པ་ལ་ང་རང་གིས་ཆོས་འདི་ཤེས་པ་ཞིག་དང་ཕན་ཐོགས་པ་རང་ཡོང་བ་མི་འདུག་ནའང༌། འདི་འདྲ་བྱས་ནས་གྲྭ་པ་འདི་ཚོའི་གསེབ་ཏུ་ཡོན་