R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༡
[A:༨༡]རྗེས་བསོས་པ་མ་གཏོགས་ཐེངས་ཤིག་གི་བར་ལ་ཡབ་ཡུམ་དྲིན་ཅན་དེ་དག་གིས་དབུ་མཛད་པའི་མིང་སྲིང་གཉེན་བཤེས་ཐམས་ཅད་ཐུགས་ཁྲལ་ལ་གཏད། ཤ་སྡུག་འབུ་སྡུག་མནར་ཡུན་རིང་བའི་ཐག་ཆོད་པ་ཞིག་བྱུང་ནའང་དེའི་སང་དེ་ནས་ཇེ་བདེ་ལ་སོང་ནས་སིང་ངེ་དྲག །དེའི་བར་ལ་སྡིག་པ་དག་པ་ཡིན་ནམ་ཕན་གནོད་བྱེད་པའི་ལྷ་འདྲེ་ཐམས་ཅད་ཐོགས་མེད་དུ་མཐོང་གི་འདུག །ནད་ཡུན་དེ་ཙམ་གྱི་བར་ལ་བདག་གི་ནུ་བོ་ནོར་བཟང་དྲུང་དེས་ཉིན་མི་དལ་མཚན་མི་གཉིད་སྐྱོ་དུབ་ངལ་བ་ཅུང་ཟད་ཀྱང་མེད་པར་ནད་གཡོག་མཛད་པས་དྲིན་ཆེ་བར་བདོག །ལས་ངན་ཚབས་ཆེར་བསགས་པའི་རྒྱུ་བྱས་ཤིང༌། །རྐྱེན་ངན་དམ་ཉམས་ཁོར་ཡུག་བསྟེན་པའི་མཐུས། །ནད་ངན་དེ་ཡིས་མནར་ཡུན་དེ་ཙམ་བྱས། །ཟུངས་ངན་འཆི་བདག་ཁ་རུ་ཡུད་ཀྱིས་ཆས། །མཁྱེན་ལྡན་སྨན་པའི་མཛད་དགོས་ཐམས་ཅད་ཟད། །བརྩེ་ལྡན་གཉེན་གྱི་ཚོགས་རྣམས་ཐུགས་ཁྲལ་ཀྱང༌། །ཚད་ལྡན་བླ་མའི་བྱིན་རླབས་གཅིག་པུ་ཡིས། །སྐལ་ལྡན་ཁོ་བོ་མ་ཤི་ཚེ་ཐར་བྱུང༌། །ཡུན་རིང་དེ་ལ་ཉི ན་མཚན་ཁྱད་མེད་པར། །བརྩེ་བས་བསྐྱངས་པའི་དྲིན་ཅན་གཅུང་པོ་ཁྱོད། །བསོད་ནམས་འདི་ཡིས་བདུད་བཏུལ་ཆོས་འཁོར་བསྐོར། །ཉོན་མོངས་ནད་ཆེན་གསོ་བར་གྱུར་ཅེས་སྨོན། །དེ་ནས་བླ་བྲང་དཀར་པོར་འདག་སྦྱར་བྱས། ཨོཾ་གསུམ་མ་བཞི་འབུམ་ཞིག་དང་གུར་གྱི་ཡི་གེ་བདུན་པ་འབྲུ་འབུམ་ཞིག་ཀྱང་བཟླས། ཁམས་བདེ་ཞིང་དགེ་སྦྱོར་ཀྱང་འཕེལ་བར་བྱུང༌། དེ་གྲོལ་ནས་སླར་ཉང་སྟོད་ལ་ཕྱིན།