R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༢
[A:༨༢] དཔལ་ལྷ་མོའི་གཏོར་ཁང་དུ་མཚམས་བསྡམས་ལྷ་མོའི་སྒྲུབ་བསྙེན་ཞིག་དང༌། ཚེ་སྒྲུབ་ཀྱི་བསྙེན་པ་རྟགས་ཐོན་པ་ཞིག་བྱས། རིན་ཆེན་སྒང་གི་རྫོང་འདེབས་པའི་ས་ཆོག་གིས་གསུང༌། དེ་ལ་དམིགས་ནས་གུར་གྱི་བསྙེན་པ་ཁ་གསོ་ཞིག་བྱས་པ་འདི་ཡན་ལ་ཡི་གེ་བདུན་པ་འབུམ་ཕྲག་བརྒྱ་དང་ཉི་ཤུ་ཙམ་སོང་གདའ། དེར་ཉང་སྟོད་རྒྱལ་ཁང་ཆོས་སྡེའི་མཁན་པོ་གྱིས་གསུངས་ནས་བྱས། སྒྲུབ་མཆོད་དགའ་མོ་ཞིག་འདུག་པ་དེའི་མཁན་པོའི་དཀྱིལ་འཁོར་ཀྱེ་རྡོར་ཡིན་ཟེར་མན་ངག་ལུགས་ཀྱི་རྡུལ་ཚོན་དུ་སྒྲུབ་མཆོད་རྒྱས་པར་བྱས། ཀླང་སྡེར་གྱི་མར་ཁལ་དུ་མ་བྱུང་བ་ཐམས་ཅད་རྒྱ་ཕུབ་ཤར་ནུབ་ཏུ་མར་མེར་ཕུལ། ཆོ་འཕྲུལ་དང་ཐུག་བྱུང་བས་མཚན་མོ་ཡུན་རིང་པོ་བསྐོར་ བ་དང་སྨོན་ལམ་ཞེ་དག་པ་ནས་བྱས། ཉའི་ཉིན་སྐྱ་སེར་ཤིན་ཏུ་མང་པོ་ཞིག་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་རྒྱས་པ་ཞིག་བསྒྲུབས། སླར་ལྷ་མོའི་གཏོར་ཁང་དུ་མཚམས་བྱས་ནས་བདེ་མཆོག་ལཱུ་ཧི་པའི་བསྙེན་པ་ཞིག་བྱས། དེ་ཕྱོགས་ཀྱི་བྲེལ་བ་ཕལ་ཆེར་ཆོད་ནས་ཡོས་ལོ་ལ་བོ་དོང་དུུ་སླེབ། དེར་བདག་གི་བླ་མ་དེའི་ཞལ་ནས་ད་ལོ་བསྙེན་རྫོགས་ཞིག་བྱས་པ་དྲག །བདག་ཆེན་རིན་པོ་ཆེ་སྤྱན་དྲངས་ནས་མཁན་པོ་ཞུས། ངས་ལས་སློབ་བྱེད་གསུང་བ་ལ་བསླབ་གཉེར་འདི་མ་རྫོགས་རིང་བསྙེན་རྫོགས་ཐེན་ཙམ་བྱས་ན་ཇི་ལྟར་ཡོང༌། བྱེད་པར་ཤར་ན་རྗེ་བཙུན་ཆེན་པོས་རྗེ་ས་ཆེན་ལ་ཞུས་པ་བཞིན་བསྙེན་རྫོགས་ཀྱི་མཁན་པོ་ཐུབ་དབང་རང་བྱོན་བྱུང་ནའང༌། རྗེ་ཉིད་ལ་ཞུ་བ་མིན་པ་གཞན་ལ་མི་འཚོལ་ཞུས་པས་སྤྱན་ཆབ་གནང་ཞིང་ཡུན་རིང་དུ་བཞད་ནས། བསྙེན་རྫོགས་དེ་