R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༥༣
[A:༣༥༣]ཀྱིས་རྫོང་གི་ཚོམས་ཆེན་དང༌། གཟིམས་ཆུང་ངོ་མཚར་སྣང་བ་ཟུང་འབྲེལ་དུ་བཞུགས། ཕྱག་ལེན་ལ་འཇུག་གདོང་ཐམས་ཅད་དུ་ཡན་ལག་ལྔའི་ཁྲུས་ཟིན་ནས་རྣམ་རྒྱལ་གཟུངས་རིང་སྒྲིགས་འདོན་ཚར་བདུན་ནས་གསུམ་གྱི་བར་གང་འོས་ཟིན་ནས་རྒྱུན་དུ་ཤུབ་བུར་བཟླ་བཞིན་པས་ཐ་མལ་གྱི་ངག་སྤངས་ཏེ་བག་ཡོད་པས་ལས་ལ་འཇུག་པ་སོགས་ཀྱི་སྒྲིགས་དང་བཅས། ཐོག་མར་གཟུངས་སྔགས་ཀྱི་ཡིག་ཕྲེང་རྣམས་ལ་དྲི་བཟང་སྒྲོན་དུས་ཙནྡན་དཀར་དམར། ཛཱ་ཏི་རྣམས་ཞིབ་བཏགས་མང་པོ་དང། ཁ་ཆེ་བཟང་པོ་བུངས་ཆེ། ག་པུར་གྱི་ཟ་མ་ཏོག་ཆེ་བ་གཅིག་རྣམས་སྡེ་པའི་ཕྱག་མཛོད་ནས་རྩིས་སྤྲོད་བྱུང་བས། སྭ་ག་ཁྲུ་ཆེན་པོ་གཅིག་ཏུ་སྦྱར་ནས་ཏིང་མང་པོར་བཤམས་ཏེ་སྒྲོན་པས། བསིལ་སྨན་གྱྀ་ངད་བཟང་པོས་ལས་གྲ་དེའི་ཁོར་ཡུག་ཙམ་དུ་ཡོང་མཁན་ཐམས་ཅད་ཡིད་དང་བར་བྱེད་པ་བྱུང༌། དེ་ནས་གུར་གུམ་གྱིས་མདོག་བསྒྱུར་བའི་ཁྱད་རས་བཟང་པོའི་ཁེབས་དང་བཅས་པའི་སྟེགས་ཡངས་པོའི་ཁར། གཟུངས་རྣམས་དབུ་ཞབས་ཞལ་ཕྱོགས་གོ་རིམ་མ་འཕྱུགས་པར་བཞུགས་སུ་གསོལ། རྗེ་མཁན་ཆེན་ཕྱགས་ཕྱིར་མཆོད་གཡོག་གཅིག་ཁོ་ན་འཁྲིད་པ་གནང༌། སྟེང་དུ་སྡེ་པ་ཞལ་ངོས་གསན་པ་ཙམ་ཡང་མེད་པའི་ལས་གྲ་དེར་ཕེབས། སྦྱོར་རྗེས་འགྲིལ་ཞིང་འདུས་པ། སྐབས་དེའི་ཐོབ་ཆ་དང་མཐུན་པའི་རབ་གནས་ཤིག་མྱུར་བར་མཛད་ནས། པར་རྣམས་ཀྱི་ཀ་ཐོ་ཁ་བྱང་གི་རིམ་པ་དང་སྦྱར་བའི་འཐུད་ཁ་དང༌། སྐྱོན་མེད་ཅིང་འཐད་པ་དང་བཅས་པའི་དབུ་དྲིལ།