[A:༣༥༤] ན་བཟའི་དཀྲིས་ཁ་དོག་བཀྲ་བར་སྤེལ་བའི་ཞལ་བཀོད་བསྒྲུབ་བདེ་ཞིང་རྣམ་པ་མཛེས་པ། ཕྱི་ནང་གི་རྟེན་འབྱུང་ཟབ་མོའི་དགོས་པ་ཁྱད་པར་ཅན་དང་ལྡན་པ། ནན་ཏན་གྱིས་དག་པར་སྒྲུབ་ཏུ་འཇུག་པར་གནང་བས་ལེགས་པར་བརྟགས་ན་ཡིད་ཆེས་གཞན་ལས་ཕུལ་དུ་བྱུང་བར་འདུག་གོ །པར་དེར་མ་འདུས་པའི་ཁ་འགེངས་དགོས་པ་རྣམས། དྲུང་ཡིག་ལྷ་བཙན་པ་དང༌། ལོ་མ་བསྟན་པ་སྣ་གྲོང་པ་རྣམས་ཀྱིས་བཟབས་བྲིས་བྱས་ཏེ། ལམ་འབྲས་སློབ་བཤད་བཀའ་བབས་ཀྱི་བརྒྱུད་པ་གསུམ་ལྡན། ནཱ་རོ་མཁའ་སྤྱོད། མགོན་པོ་ཆེ་ཆུང་རྣམས་ཀྱི་བརྒྱུད་པའི་མཚན་གཟུངས། གཞན་ཡང་སྨོན་ལམ་དང་ཤིས་བརྗོད་མང་པོ་དང་བཅས། སྣག་ཚའི་གསེབ་ཏུ་དྲི་བཟང་དང༌། རིན་པོ་ཆེའི་བརྡར་ཕྱེ་བཏབ་པས་བྲིས། དེ་ལྟར་ཐུན་མོང་གི་ཕྱག་ལེན་རྣམས་གཟིགས་པས་ཤེས་ལྡན་ཕལ་ཆེར་ཡི་རང་ཞིང་བསྟོད་བསྔགས་བརྗོད་པར་གྱུར། ཆོས་སྐྱོང་གི་རྟེན་ཁོ་ན་ལས་ཐུན་མོང་མ་ཡིན་པའི་གཟུངས་སྔགས་བྲིས་བཀོད་མི་གཅིག་པ་མང་པོ་ལ་བརྒྱུད་པ་འདིའི་ཕྱག་ལེན་གྱི་རྒྱུན་མ་ཉམས་ཤིང༌། བྱིན་རླབས་ཀྱི་ངད་མ་ཡལ་བར་འདུག་པས་ཕྱག་ལེན་རྣམས་གནས་དབེན་པར་མན་ངག་གི་སྣོད་དུ་གྱུར་པ་ཤ་སྟག་གིས་མཛད། དེ་རྣམས་ཟླ་ཕྱེད་ཙམ་གྱི་བར་ལ་ཤོམས་པར་གྲུབ། ཉི་ཤུ་གསུམ་ནས་ཆོས་སྡེ་ཀླུ་ཁང་རྩེར་ནུབ་རེ་བཞིན་བསྐང་གསོ་ཧྲུག་ཙམ་རེ་གནང༌། ཡོན་མཆོད་ཐམས་ཅད་ལ་འཛུགས་སྟོན་པས་སྣ་ནས་བཟབས་པར་བཏེག་པའི་གཞིས་ལེན་བཞུགས་གྲལ་གཙང་ཁང་མཐིལ་དུ་མཛད་ཐོག །དྲུང་ནས་སྤྲུལ་སྐུ་བ་ལ་བཀྲ་ཤིས་ཁ་བཏགས། ཕྱག་