R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༧༡
[A:༣༧༡]ཡར་ཀླུངས་བྲེལ་ཁ་ནས་བརྒྱ་དང་ལྔ་བཅུ་ནས་རྐྱང་གཙང་འགྲིལ་དུ་ཡོད་པ་སྤྲེལ་ལོའི་སྟོན་སྟེང་ནས་རྩིས་ཕུལ། གཙང་ཁང་གི་དཀར་མེ་ཐེབས་ཀྱང་སྔར་ནས་ཕྱེ་ཟིན་པ་ལ་ཉིན་མཚན་ཐུབ་པའི་ཀོང་བུ་རེ་འགེངས་པ་ལ་མར་སྲང་མཆོད་ཡོན་ཐུན་མོང་དུ་ནང་རེ་བཞིན་སྲང་འདེགས་སུ་བྱས་པ་དང༌། རྫོང་ནས་ཞལ་ཟས་རྒྱུ་ལྕགས་གཟར། མགོན་ཁང་དུ་གཏོར་བསྔོ་བསྐང་གསོའི་ཡོ་བྱད་ཆ་ཚང་རེ་འཆག་མེད། དེ་དུས་གྲ་ཚང་བྱིངས་སོ་སོ་ཡང་བཀྲ་ཤིས་ཆོས་སྡེ་རང་དུ་བཅར་བཞུགས་ཀྱི་འགོ་དོད་པ་ནས་དཔལ་འབར་བ་རྣམས་མ་གིར་ཕོགས་ལེན་པའི་སྟབས་ནས་བསམ་སྡིངས་སུ་བཞུགས་རྟག་ངོས་སློབ་དཔོན་ཡང་ཁུ་སྤེ་ཀུན་སྤངས་པས་མཛད། སྐབས་སྦྱར་རྣམས་ལ་ཆོས་སྡེ་མ་རང་ལ་བསྙེག །བཀྲ་ཤིས་ཆོས་སྡེ་རང་དུ་མང་ཇ་ཡང་ཉིན་རེ་བཞིན་རྒྱུན་མི་འཆད་པ། སྔ་དྲོ་འདུ་ཁང་སྟེང་སོགས་གང་བབ་ཏུ་གཏོར་མ་བརྒྱ་རྩ་གདན་གུང་ཚིགས་དང༌། དགོངས་མོའི་ཆོས་སྤྱོད་ཀྱི་ཚོགས་རྣམས་འདུ་ཁང་གུང་དུ་མཛད། དགོངས་མོ་ཆོས་སྤྱོད་འཚོག་པ་ལ་གཎྜི་བརྡུང་བ་རྣམས་སྒྲིགས་ལ་འཇུག་པ་གནང༌། དེ་སྐབས་ཀླུ་ཁང་རྩེར་བཞུགས་པའི་སྐུ་མདུན་ན་བདག་གཅིག་པུ་ཡོད་པའི་སྐབས་ཤིག །བཀའ་ལུང་དུ་གནས་གསར་ནས་སྡེ་པ་ཆོས་རྗེ་འདི་ལ་ཁྲིགས་ཀྱང་ཡོད་སྔོན་རྗེ་ཚར་ཆེན་ཡང་ནཱ་ལེཎྜར་བདག་ཆེན་ངག་པའི་སྐུ་ཚབ་ལ་བཞུགས་ནས་འགྲོ་དོན་བྱུང་བ་ཡིན་གསུང་བ་ཕེབས་པ་ལ་ཕྱིས་ངེས་པ་བསྙེད་དོ། །དེ་དག་དང་ཁད་ཉེའི་སྐབས་ཤིག་ཏུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཁྲི་ཐོག་ན་བཞུགས་པ་བདག་ཆེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་དབང་པོའི་ཞབས་དྲུང་ནས་མཆོད་དཔོན་དཀོན་ཁང་རབ་འབྱམས་པ་ཆེད་དུ་མངགས་པའི་བཀའ་ཤོག་