[A:༢༦༥] བར་མཚམས་རྣམས་སུ་སྤྱི་དོན་ལུང་རིག་རྒྱ་མཚོ་དཔེ་སྟེང་ནས་ཐུགས་ལ་འཛིན་པའི་བརྩོན་པ་ཆེ་བར་མཛད་ངང་ནས་རིན་ཅེན་གླིང་དུ་སྐོར་ཙམ་ཕེབས། ཕྱག་དཔེ་བསྙེལ་དོགས་གཞལ་ཡས་ཁང་དུ་ཐུན་བཙུགས་ནས་བཤར་སྦྱང་མཛད་པས། ཡབ་ནང་པ་མཚོ་སྐྱེས་པ། ཐུགས་ཀྱི་གཏིང་ན་དགེ་ལྡན་པའི་ཞེན་ཡང་ཆེ་རབ་ཡོད་པ་དང༌། ཁོ་རང་གི་དབོན་སྲས་སྐུ་བགྲེས་པ་ལ་འགྱོད་ཐལ་གྱི་གསུང༌། ངེད་རང་གི་ཆོས་རྗེ་འདིའི་དང་ཚུགས་ངང་བསླབ་སྦྱངས་བྱེད་ལུགས་ཀྱི་ཕྱེད་ཙམ་ཞིག་ཆོས་རྗེ་སྨྱོན་པ་དེས་བྱས་ན་འབྲས་སྤུངས་པས་ངེད་རང་སེང་གེ་རང་ལ་གཏོང་བ་ཡོད་པས་ཟེར་བ་མཛད། སྐྱིད་ཚལ་དུ་དབྱར་དང་སྟོན་གྱི་དུས། དགོངས་ཆོས་ཀྱི་འགོར་ཚོགས་ཐམས་ཅད་ལ་ཐུན་མོང་དུ་སྤྱི་ཆོས་ཀྱི་ཚུལ་དུ་ལུང་ཐུན་རེ་གནང་བ་ལ། ཆོས་སྤྱོད་རབ་གསལ་སྣ་མང་པོ་དང༌། ཐེག་པ་ཆེ་ཆུང་གི་ཐུན་མོང་གི་བསླབ་བྱ། ལག་ལེན་སྟོན་པའི་ལམ་རིམ་དང༌། མན་ངག་གི་གླེགས་བམ་ཆེ་ཕྲ་མང་པོ། ཁྱད་པར་བཀའ་གདམས་གླེགས་བམ་དཔེ་ཆོས་རིན་སྤུངས། བཀའ་གདམས་གཞུང་དྲུག །བྱམས་ཆོས་སྡེ་ལྔ། སྡོམ་གསུམ་རབ་དབྱེ། ས་སྐྱ་ལེགས་བཤད་སོགས་ཀྱི་ལུང་རྒྱུན་མང་པོ་དང། ལས་འབྲས་ཀྱི་བླང་དོར་བསླབ་བྱ་མང་པོ་གསན་པས་ཐུགས་ལ་ངེས་པ་ཁྱད་པར་ཅན་འཁྲུངས་ཏེ། ལམ་གྱི་འཇུག་སྒོ་མ་ནོར་བར་སྤྱོད་པའི་ཕྱག་ལེན་ལ་འདེབས་པ་མཛད་ཚུལ་རྣམས་རྒྱས་པར་འོག་ནས་འབྱུང་ཞིང༌། འཕྲལ་མཁྱེན་རྒྱ་རྣམས་གཞན་ངོར་ཟལ་འདོན་ལ་མི་དགྱེས་རུང༌། གསན་སྦྱོང་གི་ངང་ནས་སྣེའུ་སྡོང་རྩེར་ཚོགས་ཁྲོད་དུ་སྐོར་ཅིག་ཕེབས་དུས།