R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༦༦
[A:༢༦༦] གྲྭ་ས་དེའི་སློབ་གཉེར་བ་འགའ་ཞིག་གིས། ཚོགས་སུ་འབེལ་གཏམ་ལ་བཞེངས་པར་ཞུས་པས། རེ་ཞིག་མི་བཞེད་པ་ལྟར་མཛད། ནན་གྱིས་ཞུས་པས་བཞེངས་ཏེ་ཕར་ཕྱིན་ལ་ཆོས་འཁོར་གྱི་གཞུང་བཞེས་ཏེ་འཕྲོས་བཤད་དང་དམ་བཅའ་མཛད་པ་ལ། ཕྱི་རྒོལ་བློ་གསལ་བ་ཞིག་གིས་འབེལ་གཏམ་ཕུལ་བའི་ལན་དང༌། སླར་ཐལ་འགྱུར་མང་པོ་ཕྱིར་བཟློག་པའི་མཐར། ཉམས་ཆར་གྱི་གསུང་ལྷོངས་ཆེ་བ་མང་པོ་བྱོན་པས་བདེ་ཡངས་ཀྱི་ཚོགས་ལ་བཞད་མོ་ཆེ་བར་བྱུང་བ། སྣེའུ་སྡོང་ཕོ་བྲང་གི་རྩེར་གོང་མ་ཆེན་པོའི་སྙན་དུ་གསན་པས་དེ་འཕྲལ་ཇོ་གདན་ཞིག་ཞབས་དྲུང་སྐུ་མདུན་དུ་བྱུང་བ་ལ། གོང་མ་ཆེན་པོའི་གསུང་གིས་དེ་རིང་ཚོགས་ལངས་སུ་ཡིན་གསུང་པ་ལ། ཡོལ་ནས་དབོན་པོ་ཡིན་པར་འདུག་ཞུས་པས། དགའ་ཚད་ཡིན་གསུང་གསོལ་ཇ་ལྟིང་རྒྱུགས་གནང་བའི་སྣོད་ལི་ལྟིར་ལེགས་པ་དང་བཅས་པ་སྩལ། དེ་ནས་མེ་ཏོག་མདངས་ཅན་གྱི་ཚེས་བཅུ་ཆེན་མོ་ལ། རྩེ་ཚོམས་ཆེན་དུ་དཔོན་བློན་རྣམས་ལས་བྱང་ལེ་བརྒྱད་མ་ལ་དབྱངས་དང་འཆམས་ཤིན་ཏུ་རྒྱས་པ་གནང་བའི་གཟིགས་མོ་ལ་ཕེབས་པས་འཆམས་སོགས་ལ་ཕྱག་ལེན་ལ་དགོངས་བཞེད་སོང་སྟེ། ལས་བྱང་ཞིག་ཐུགས་ལ་བཟུང་བར། མཚན་ཉིད་པའི་ཐོས་གྲོགས་ཀུན་གྱི་ད་ལྟ་སློབ་གཉེར་འཆག་པས་འདི་མ་འཛིན་ཟེར་བ་ལ། ཐོད་རིའི་ནང་གི་ཕུག་ཆུང་ངུ་གཅིག་པོར་བཞུགས་ཏེ་འཛིན་པ་གནང་བས། མནལ་ཅུང་ཟད་ཅིག་བྱུང་བའི་མནལ་ལམ་དུ་ཤེལ་བྲག་གི་གུ་རུ་ཕུག་པའི་ངོས་ལ་འཛེགས་ནས་ཐེགས་པས་ཕུག་པའི་ནང་ན་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་སྐུ་ཤིན་ཏུ་གཟི་མདངས་ཆེ་བ་རིག་འཛིན་གྱི་ཆ་ལུགས་ཅན་གཙོ་འཁོར་གསུམ་འཇའ་ཚོན་གྱི་དཀྱིལ་ན་བཞུགས་པ་ཞིག་མཇལ་བ་ལ་ཕྱག་མཆོད་ཕུལ་ཟིན་