R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༦༧
[A:༢༦༧]འཕྲལ་མནལ་སད་པའི་དུས་ཐུགས་སྤྲོ་སིང་བ་ཡོད་པ་བྱུང༌། དེ་ནས་མྱུར་བར་སྐྱིད་ཚལ་དུ་ཕེབས་ཏེ་གསན་པའི་འཕྲོས་ནས་མངོན་རྟོགས་རྒྱན་དང༌། སྡོམ་གསུམ་རབ་དབྱེའི་གཞུང་ལ་ཞལ་འདོན་ཆག་མེད་ལོ་གཅིག་ཙམ་མཛད། མཚན་ཉིད་ཀྱི་འཆད་ཉན་གྱི་གསེང་ལ། པཎ་ཆེན་ལྷ་དབང་པས་ཀྱེ་རྡོར་ལྷ་དགུ་དང༌། གཤེད་དམར་ལྷ་ལྔའི་དབང༌། གཅོད་ཡུལ་མ་འཁྲིད་ཆེན་མོ་དང༌། ནི་གུའི་འཁྲིད། ཤངས་ཆོས་ཀྱི་གླེགས་བམ་གྱི་ལུང་གནང་བ་གསན། སྐྱེད་ཚལ་ལམ་འབྲས་ལྷ་ཁང་གི་རབ་གནས་ལ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཕེབས་དུས། གྲྭ་ཚང་གི་མཁན་སློབ་སོགས་མི་ཆེན་དུ་མ་དང༌། སྦྱིན་བདག་ཞལ་ངོ་རྣམས་དང་ལྷན་དུ་སྙིང་པོ་ཀྱེ་རྡོ་རྗེའི་དབང༌། གུར་རིགས་བསྡུས་ཀྱི་དབང་སོགས་གསན། དེ་ལྟར་མདོ་སྔགས་ཀྱི་གསན་པ་ངོམ་མེད་དུ་འཚོལ་བཞིན་པ་ནས། དགུང་ལོ་བཅུ་དགུའི་མཇུག་ཟླ་བཤོལ་དང་བཅས་པས་ཉི་ཤུར་སོན་པ་ན། ཚོགས་ཆེན་དུ་མཁན་པོ་ནམ་མཁའ་བཀྲ་ཤིས་པས་མཁན་པོ་དང༌། དཀའ་བཅུ་པ་ཆོས་དབང་གིས་ལས་སློབ། གསང་སྟོན་དང༌། དུས་གོ་བརྗོད་པའི་སློབ་དཔོན་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་དག་དང༌། ཁ་སྐོང་དུ་འོས་པའི་དགེ་སློང་གི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་ཏེ་སོ་སོ་ཐར་པའི་སྡོམ་པ་ཡོངས་སུ་རྫོགས་པའི་རྒྱན་གྱིས་མཛེས་པར་གྱུར་ཏེ་མིག་འབྲས་བཞིན་གཅེས་པར་མཛད། བསླབ་པའི་གནས་ཕྲ་མོ་ཡང་ཁྱད་དུ་གསོད་པར་མི་མཛད་དོ། །བསྙེན་རྫོགས་གྲུབ་འཕྲལ་དེ་ཉིད་རྩེས་དང་འབྲས་བུ་གླིང་དུ་འབངས་བརྩིགས་ནང་སོ་ཆོས་རྗེ་ངག་དབང་ལུང་རིག་རྒྱ་མཚོ་བསྙེན་པར་རྫོགས་པའི་ལས་གྲལ་ཁ་སྐོང་ལ་ཕེབས་པས་སྔར་ཐོས་བསམ་གྱི་གྲལ་