R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༧
[A:༢༩༧]རླབས། ཨིནྡྲ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་དང་བཅས་པ། སྔ་ནས་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་དང་བཅས་པས་མཁའ་སྤྱོད་སྐོར་གསུམ་མམ། ཕག་མོ་སྐོར་གསུམ་མམ། དམར་མོ་སྐོར་གསུམ་ཡང་ཟེར་བའི་ཟབ་ཁྱད་ཅན་རྣམས་དང་བཅས་པས། ས་སྐྱ་པའི་ཆོས་སྐོར་ཐུན་མོང་མ་ཡིན་པ་རྣམས་ལ། ཁྱད་པར་གྱི་སློབ་བཤད་ཀྱིས་བརྒྱན་པ་བུམ་པ་གང་བྱོར་གསན། གཞན་ཡང་བརྒྱུད་པ་དུ་མའི་བཀའ་བབས་ཀྱི་གསང་སྔགས་ཟབ་རྒྱས་དུ་མ་དང༌། ཁྱད་པར་རྣམ་སྲས་ཞི་དྲག་གི་ཆོས་སྐོར་ཡང་མང་དུ་སྩལ། རྒྱལ་ཆེན་གྱི་བསྐང་དབྱངས་བུ་ལུགས་རྣམས། ཞ་ལུ་ནས་མཁྱེན་རབ་ཆོས་རྗེའི་དབོན་པོ་དང་དབུ་མཛད་དབྱངས་དཔོན་ཞིག་ལ་རྗེ་ཚར་ཆེན་གྱི་ཞབས་ཕྱིར་དཔོན་སློབ་ཚང་མས་གཅོད་པ་གནང༌། དེ་ཡན་ཆད་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ཕྱིར་ལོ་གསུམ་བར་མ་ཆད་གཙང་དུ་བཞུགས་རིང། གནས་གསར་ནས་རྗེ་རིན་པོ་ཆེ་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་རྣམས་ཀྱི་སྔ་ཕྱིར་སྐུ་ཆས་ཟུར་གསོས་མང་པོ་གནང༌། དེ་ནས་རིན་ཅེན་གླིང་དུ་གཞིས་བཞུགས་དཔོན་སློབ་ཀྱི་གདན་འདྲེན་ཕོ་ཉ་ཕྱུག་པོ་བློ་བ་དང༌། ལྷ་བཟོ་བ་ཕྱོགས་རབ་པ་རྣམས་བྱུང༌། ལྷ་བཟོ་བས་ཚར་ཆེན་གྱི་ཐུགས་དམ་ཞལ་ཐང་མང་པོ་བཞེངས་ཟིན་མཚམས། ཡོལ་ནས་དཔོན་སློབ་རྣམས་ཀྱིས་རེ་ཞིག་དབུས་ཕྱོགས་ལ་ཕེབས་པའི་དགོངས་པ་ཞུ་བ་གནང་དུས་བླ་མའི་བཀའ་ལས་ད་ལམ་དབུས་ཕྱོགས་ཚོའི་ཐུགས་བྲེལ་གྱི་ཁྱད་ཡོང་བས་ཐེགས་ནའང་དེ་ཀ་གནང་ཆོག་པ་འདུག །སྔར་ངེད་ཀྱིས་བཤད་པའི་ཆོས་རྣམས་ལ། གུར་མགོན་སྐོར་ནས་རྗེ་རང་དུ་ཞིབ་པ་སོང་བས་མ་གསན་པ་མེད། ཞལ་བཞི་པའི་སྐོར་གནས་གསར་ནས་རྗེའི་དྲུང་ལ་ཞིབ་རྒྱས་སོང་བས་བཞུགས་ཆེ་བ་ཡོད། གཞན་ཡང་ངེད་ནས་བརྒྱུད་པའི་ཆོས་རྣམས་ལ། སྔར་མ་སོང་