[A:༢༥༤]འཁོད་པའི། །ཡོངས་འཛིན་བཀའ་ཡི་ཨུཏྤལ་ཆུན་པོ་དེས། །སྐལ་བཟང་ལང་ཚོ་མ་ཡི་རྣ་བར་བརྒྱན། །སངས་རྒྱས་ཀུན་དང་རྡོ་རྗེ་ཡི། །སློབ་དཔོན་མཆོད་མཚུངས་རྒྱུད་སྡེའི་ལུང༌། །དྲང་དང་ལྡེམ་པོའི་གསུང་རབ་ཀྱི། །ཆ་ཤས་ཙམ་ཡང་ག་ལ་ཡིན། །གསང་ཆེན་བདུད་རྩིའི་ཁུངས་འབྱིན་གཏམ། །གཎྜིའི་དབྱངས་སྙན་བསྐུལ་བ་ལ། །མིང་དང་དོན་དུ་རྗེས་མཐུན་པའི། །རྨི་ལམ་དགེ་བའི་མཚན་མའང་མཐོང༌། །ཚེ་གཅིག་ལུས་ལ་རྡོ་རྗེའི་སར། །ཆས་པའི་སྐལ་བཟང་དམ་ཚིག་ཅན། །རྣ་བའི་བདུད་རྩི་དགའ་སྟོན་ལ། །ཚོགས་ཀྱི་འདུ་བ་འདིར་བྱོན་ཅིག །ཇི་ལྟར་ན། སྐལ་པ་བཟང་པོ་འདིའི་སྣང་འཛད་བཞི་པ་མཉམ་མེད་ཤཱཀྱའི་དབང་པོ་འཛམ་བུ་གླིང་ཆུང་ངུ་འདིའི་མི་རྣམས་ཚེ་ལོ་བརྒྱ་པས་འཚོ་བའི་དུས་ལ་ཞིང་འདིར་རྒྱལ་རིགས་མཆོག་ལ་བྱོན་ཏེ། མཛད་པ་བཅུ་གཉིས་ཀྱི་རིམ་པས་སྐུ་དེ་ཉིད་ཀྱི་དངོས་སུ་འདུལ་བའི་དོན་རྣམས་མཐར་ཕྱུང་སྟེ། གཟུགས་སྐུ་ཞི་དབྱིངས་སུ་བསྡུས་ནས་སྐུ་གདུང་གི་རིང་བསྲེལ་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་རྒྱས་པར་མཛད། ཐེག་པ་གསུམ་གྱི་ལམ་སྟོན་པའི་གསུང་རབ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ལམ་མཚོན་དུ་རིང་ཞིག་བཞུགས་ཏེ། ཐུབ་པའི་སློབ་མ་རྒྱལ་བའི་ཉན་ཐོས་དག་ཀྱང་ཇི་ལྟ་ཇི་སྙེད་པའི་ཆོས་སྟོན་པ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་པར་མདོ་སྡེ་ཟབ་མོ་དག་ལས་བཤད་ལ། ཁྱད་པར་རྡོ་རྗེ་ཐེག་པ་སྟོན་པའི་དམ་པ་རྣམས་ནི་སངས་རྒྱས་རྡོ་རྗེ་འཆང་ཉིད་སློབ་དཔོན་གྱི་གཟུགས་སུ་གནས་པར་རྒྱུད་སྡེ་ལས་གསུངས་པ་བཞིན། སྐལ་པ་མཆོག་གི་གདུལ་བྱ་རྣམས་ཡིད་མཚན་རྟོག་ལས་སྐྱོབ་པའི་སླད་དུ། ཕྱི་ནང་གི་བདུད་བཞི་ལ་གཉིས་སུ་མེད་པའི་ཡེ་ཤེས། རྡོ་རྗེའི་