[A:༢༥༥]དབྱུག་གུས་བསྣུན་པས་ལྔ་བརྒྱ་པ་རྣམས་ལ་འཛིན་མའི་གཞི་འདིར་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་དམ་པ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་པར་ཐར་པ་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས་བསྐུལ་བར་བགྱིད་ལགས་སོ། །དེ་ལ་དོན་ཚན་དུ་ཕྱེ་སྟེ་བསྙད་ན། རིགས་དག་པ་མཆོད་ཅིང་བཀུར་འོས་ཀྱི་གནས་སུ་བལྟམས་པ། རྒྱལ་བའི་བསྟན་པ་ལ་རྗེས་སུ་མཐུན་པར་ཞུགས་པ། རང་ཉིད་གང་ནས་གཤེགས་པའི་ལམ་བཟང་སྣོད་ལྡན་ལ་གསལ་བར་མཛད་པ་དང་གསུམ་གྱི། དང་པོ་ལས་རིམ་པར་ཕྱེ་སྟེ་བསྙད་ན། རིགས་བརྒྱུད་གཅིག་ཏུ་དཀར་བ་མུ་ཏིག་གི་ཕྲེང་བ་ལྟ་བུ་ནི། སྔོན་ཇོ་བོ་ཨ་ཏི་ཤས་གསང་བའི་ཆོས་ཟབ་མོ་རྣམས་སློབ་མའི་མཆོག་དག་ལ་སྟོན་པ་ན། འབྲོམ་རྒྱལ་བའི་འབྱུང་གནས་དང༌། ཁུ་སྟོན་ཆེན་པོ་དག་སྣང་འདྲེན་པའི་ཚོམས་ཀྱི་སྐབས་ལོ་རྒྱུས་ཀྱི་མཚམས་སྦྱོར་མཁན། ཡོན་བདག་ཤཱཀྱ་མགོན་གྱི་ཆོ་འབྲང་ཡིན་པའི་གཏམ་ཡང་སྣང༌། ཕྱིས་དེའི་རིགས་བརྒྱུད་ལས། སྙེ་མོ་འཁྲིག་གི་ཡུལ་གྲུར་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཟམ་མ་ཆད་པ་བྱུང་སྟེ། ཕུན་སུམ་ཚོགས་པའི་འབྱོར་པ་རྒྱ་མཚོས་གང་ཞིང་རྒྱས་པར་གྱུར་ཏོ། །རིགས་དེ་ལས་དང་པོར་མཆོད་འོས་ཀྱི་དམ་པ་མཁན་ཆེན་སངས་རྒྱས་བློ་གྲོས་ཞེས་པ་བྱུང་སྟེ། དེ་ཡང་སྙེ་མོ་འཁྲིག་ཏུ་འཁྲུངས། མཁན་ཆེན་རྡོ་རྗེ་དཔལ་བའི་མཁན་བརྒྱུད་ཀྱི་ཚོགས་ཁྲོད་དུ་རབ་ཏུ་བྱུང༌། སྡེ་དེ་ཉིད་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་རྣམས་ཇི་ལྟར་འོས་པ་མཛད་ནས། མཚུངས་མེད་གཡག་སྡེ་པཎ་ཆེན་བླ་མར་བསྟེན། འདུལ་ཕར་གྱི་གཞུང༌། དུས་འཁོར་གྱི་དབང༌། རྒྱུད་འགྲེལ་གྱི་བཤད་པ། སྙིང་པོའི་ལམ་སྦྱོར་བ་ཡན་ལག་དྲུག་པ་གསན་