R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༥༦
[A:༢༥༦]ཅིང༌། ཐུགས་ཉམས་སུ་མྱོང་བར་མཛད། ཡོལ་ཕུ་གསེར་གླིང་དུ་ཤངས་པའི་སྒྲུབ་བརྒྱུད་འཛིན་པ་གསེར་གླིང་པ་བཀྲ་ཤིས་དཔལ་ལས་ནི་གུ་ཆོས་དྲུག་སོགས་བླ་མ་ཤངས་པའི་གདམས་པ་རྣམས་དང༌། གཅོད་ཡུལ་མ་ཁྲིད་ཆེན་མོ་གསན་ཞིང༌། ཐུགས་ཉམས་སུ་བཞེས་པས་སྡོམ་བརྩོན་མཁྱེན་པ་དང་དངོས་གྲུབ་ཀྱིས་བརྒྱན་པར་གྱུར་ཏེ། བོད་ཤིང་སྒོ་ཅན་གྱི་རྒྱལ་པོ་སྡེ་སྲིད་ཕག་མོ་གྲུ་པ་དད་མོས་ཐོབ་སྟེ། སྔ་ཕྱིར་ཆོས་མང་པོ་གསན། ཚོགས་ཆེན་གྱི་མཁན་ཐོག་ཏུ་བཞུགས་རིང་འདུལ་བ་འཛིན་པའི་ཕྱག་ལེན་གྱི་བསྟན་པ་འཕེལ་རྒྱས་སུ་མཛད། ཀུན་སྤངས་མཛད་ནས་ཙ་རི་མཚོ་དཀར། འཕྱོས་སྟོལ་པོ་ཕུག །མཁའ་རེག་ཤ་ངོས། ཡོལ་ཕུ་རི་གོང་ནང་སོགས་དབེན་གནས་མང་པོ་རིམ་ཅན་དུ་བཞུགས། དེ་དག་ཏུ་དབང་འཁྲིད་ཞུ་བའི་ཚོགས་པ་མང་དུ་འདུས་པ་ལ་ལྕོག་གྲྭ་མཛད། དེ་དུས་ཡོལ་མདའི་ནུབ་ཀྱི་ཆ། ཤ་མཚེར་གྱི་རི་བོའི་འདབས་ན། ནི་གསིང་གི་སྟེང་དུ་སྨན་ཆབ་ཀྱི་རྒྱུན་འབབ་བཟང་པོ་ཞིག་ཡོད་པར་ལྕོག་སྒར་དང་བཅས་ཏེ་བཞུགས། ཆབ་དེ་སྐུ་ལ་འཕྲོད་པས་དེའི་ཉེ་འཁྲིས་སུ་དགོན་པ་མཛད་པར་བཞེད་ནས། ཐོག་མར་བསམ་གཏན་སྒང་ཞེས་པའི་བྲང་ཁང་བཏབ་ནས་བཞུགས། དེ་ནས་སའི་སྙིང་ནོན་པར་བྲང་ཁང་ཆེ་བ་ཞིག་མཛད་པའི་གཡོས་ཁང་དེ། རྟེན་འབྱུང་ལེགས་པར་དམིགས་ནས་དུར་ཁྲོད་ཅིག་ཡོད་པར་མཛད་པའི་རྣམ་པ་ད་ལྟའང་འདུག །དེ་ནས་གྲྭ་ཁང་མང་དུ་འཕེལ། རྒྱུད་སྡེའི་རྩེ་མོ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཉམས་སུ་ལེན་པའི་རྣལ་འབྱོར་ཕོ་མོ་རབ་བྱུང་གི་རྟགས་ཆ་ལུགས་ཚང་ཞིང༌། ངང་ཚུལ་ལ་གནས་པ་བརྒྱ་ཕྲག་དུ་མ་འདུས་པའི་དགོན་གནས་ལ་ཡོལ་རིན་ཆེན་གླིང་ཞེས་གྲགས་པར་གྱུར་ཏོ། །བླ་མ་འདིས་དགུང་ལོ་བརྒྱ་དང་དགུ་བཞུགས། ད་ལྟ་